རྒྱ་ནག་ཏུ་འགོག་ཁབ་མེད་པའི་ཆམ་ནད་གཅིག་ཁྱབ་བརྡལ་འགྲོ་བཞིན་ཡོད་འདུག
རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་ནས་ལོ་ངོ་ལྔ་ཡི་རྗེས་སུ། སླར་ཡང་ཆམ་ནད་ཅིག་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་གར་དང་ཧོང་ཀོང་སོགས་སུ་ཡང་ཆམ་ནད་དེ་འཕོག་མཁན་བྱུང་ཡོད་འདུག
ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་༡༩ པ་ཁྱབ་བརྡལ་ཕྱིན་ནས་ལོ་ངོ་ལྔ་ཙམ་གྱི་རྗེས་སུ། སླར་ཡང་(HMPV) ཞེས་པའི་ཆམ་ནད་ཅིག་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་འདུག་ལ། ཆམ་ནད་དེ་གསར་པ་ཞིག་མ་ཡིན་པར། ཕྱི་ལོ་༢༠༠༡ ནས་ཆམ་ནད་དེ་ངོས་འཛིན་བྱུང་ཞིང་། ཆམ་ནད་དེ་དགུན་དུས་སུ་མི་རྣམས་ལ་འཕོག་གི་ཡོད་འདུག ཡིན་ཡང་། ན་ནིང་གི་ལོ་དང་བསྡུར་ན་རྒྱ་ནག་དང་མ་ལི་ཤེ་ཡ་བཅས་སུ་ཆམ་ནད་དེ་འཕོག་མཁན་མང་དུ་ཕྱིན་ཡོད་པ་མ་ཟད། ཆམ་ནད་དེར་དམིགས་བསལ་གྱི་བཅོས་ཐབས་དང་སྔོན་འགོག་སྨན་ཁབ་མེད་པར་བརྟེན། སེམས་འཚབ་བྱེད་དགོས་པ་ཞིག་ཆགས་ཡོད་འདུག། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། ནང་སོག གྲོང་ཁྱེར་ཧེ་པེ། ཧྲན་ཞི་དང་ཐེན་ཅིན་བཅས་སུ་ཆམ་ནད་འཕོག་མཁན་མང་དྲགས་ནས་སྨན་ཁང་དུ་འཚང་ཀ་ཐེབས་བཞིན་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་གཞུང་གིས་ཛ་དྲག་གི་བཀོད་ཁྱབ་བཏང་ཡོད་མེད་གསལ་བོ་མེད་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཀྱང་ཛ་དྲག་གི་བཀོད་ཁྱབ་བཏང་མེད་པ་རེད་འདུག
རྒྱུན་དུ་ཧབ་སྦྲིད་དང་གློ་རྒྱག་པ། ནད་པ་དང་ལག་འཇུ་བྱེད་པ་སོགས་ཀྱི་བརྒྱུད་ནས་མི་ཆེ་ཆུང་མེད་པ་ཚང་མ་ལ་འགོ་ཡི་ཡོད་ན་ཡང་། དམིགས་བསལ་ལོ་ན་འགྲེས་པའི་རྒན་འཁོགས་དང་བྱིས་པ། ལུས་ཟུངས་མ་ལག་(Immune System) ཞན་པའི་མི་རྣམས་ལ་ཉེན་ཁ་ཆེ་བ་ཡོད་འདུག
ཆམ་ནད་དེའི་ནད་རྟགས་ནི་ཏོག་དབྱིབས་གཉན་རིམས་༡༩ པའི་ནད་རྟགས་དང་འདྲ་བ། གློ་རྒྱག་པ་དང་ཚ་བ་རྒྱས་པ། མིད་པ་ཚ་བ་དང་དབུགས་འཚང་བ། སྣ་ཆུ་འཛག་པ་སོགས་བྱེད་ཀྱི་ཡོད་འདུག
ཆམ་ནད་དེ་མ་ཕོག་པའི་ཆེད་དུ་ཕྱག་ཡང་ཡང་འཁྲུད་པ་དང་མི་ཚོགས་ཁྲོད་དུ་འགྲོ་དུས་ཁ་རས་གྱོན་པ། ལག་པ་མ་བཀྲུས་པར་ཁ་ངོ་ལ་ཡང་ཡང་འཆང་མི་རུང་བ། གལ་སྲིད་ཆམ་ནད་དེ་ཕོག་ཚེ། ལྷོད་ལྷོད་བྱས་ནས་ངལ་གསོ་བ་དང་། མི་གཞན་ལ་མི་འགོ་བའི་དོན་དུ་ཁྱིམ་དུ་བསྡད་རྒྱུ་གལ་ཆེན་ཆགས་ཡོད་འདུག
ཟླ་འདིའི་ཚེས་༦ ཉིན། རྒྱ་གར་གྱི་བྷེང་ལོ་གྲོང་ཁྱེར་དུ་ཡོད་པའི་(Baptist) ཞེས་པའི་སྨན་ཁང་ཞིག་ཏུ་བྱིས་པ་ཟླ་བ་༣ ་ཅན་ཞིག་དང་ཟླ་༨ ཅན་ཞིག་ལ་ཆམ་ནད་དེ་ཕོག་ཡོད་པའི་གནས་ཚུལ་ཁག་ཅིག་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་འདུག དེ་བཞིན། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མ་ལི་ཤེ་ཡའི་ནང་དུ་ཕྱི་ལོ་༢༠༢༤ ལོ་ཆམ་ནད་དེ་འཕོག་མཁན་༣༢༧ བྱུང་ཞིང་ཕྱི་ལོ་༢༠༢༣ ལོ་དང་བསྡུར་ན། ཆམ་ནད་འཕོག་མཁན་བརྒྱ་ཆ་༤༥% འཕར་ཡོད་པ་རྒྱ་གར་གྱི་དཔལ་འབྱོར་དུས་བབ་(Economic Times) ་ཞེས་པའི་ཚགས་ཤོག་ཐོག་ཏུ་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།