རྒྱ་ནག་དང་ཧྥི་ལི་ཕིན་བར་གྱི་རྣོ་ངར་ཅན་གྱི་འབྲེལ་ལམ་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་རྙོག་གླེང་།

ད་ཆར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་དང་ཧྥི་ལི་ཕིན་བར་མངའ་ཁུལ་བདག་དབང་ཐད་རྩོད་རྙོག་ཡང་ཡང་འབྱུང་གི་ཡོད་འདུག་པར་བརྟེན། རྒྱ་ནག་དང་ཧྥི་ལི་ཕིན་གཉིས་བར་རྣོ་ངར་ཅན་གྱི་འབྲེལ་ལམ་ཞིག་གིས་ཕྱོགས་གཉིས་བར་ཉེན་ཁ་ཆེན་པོ་འགྱུར་བཞིན་ཡོད་འདུག
ཕྱི་ཚེས་༡༠ ཉིན་ཨི་ཤེ་ཡའི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་ཧྥི་ལི་ཕིན་དང་རྒྱ་ནག་བར་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ནང་མངའ་ཁུལ་དབང་དབང་ཐད་རྩོད་རྙོག་ཡང་ཡང་ཡོང་གི་ཡོད་འདུག་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཅན་ཞིག་གྱུར་ཡོད་འདུག་ཀྱང་། རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་ཐོག་གནས་ཚུལ་རྫུན་བཟོ་བྱས་ནས་རྒྱ་ནག་དང་ཧྥི་ལི་ཕིན་བར་འབྲེལ་ལམ་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཚུལ་རྗོད་ཀྱི་ཡོད་འདུག་ཀྱང་། དོན་དངོས་ཐོག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཧ་ཅང་ཛ་དྲག་ཅན་ཞིག་འགྱུར་བཞིན་ཡོད་འདུག ཧྥི་ལི་ཕིན་སྲིད་འཛིན་གྱིས། རྒྱ་ནག་གཞུང་གིས་ད་ཆར་རྒྱལ་ཁབ་གཉིས་བར་མངའ་ཁུལ་རྩོད་རྙོག་དང་འབྲེལ་ནས་འབྲེལ་ལམ་བསྐྱར་གསོ་ཡག་པོ་བྱུང་ཡོད་ཚུལ་བརྗོད་པ་ནི་རྫུན་མ་ཡིན་པར་བརྗོད་ཡོད་འདུག་ལ། ཧྥི་ལི་ཕིན་ས་གནས་(Manila)ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པས། ད་ཆར་རྒྱ་ནག་དང་ཧྥི་ལི་ཕིན་བར་(Second Thomas Shoal)ཟེར་བའི་ས་ཆ་དང་འབྲེལ་རྒྱལ་ཁབ་གཉིས་བར་ཞི་འཇམ་གྱི་གྲོས་མཐུན་བྱུང་ཡོད་ཚུལ་དང་། དེ་བཞིན་ཕྱི་ལོ་༢༠༡༢ ནས་རྒྱ་ནག་གི་འཛིན་སྐྱོང་འོག་ཡོད་པའི་ས་ཆ་(Scarborough Shoal)དང་འབྲེལ་རྩོད་རྙོག་སྐོར་གྲོས་མོལ་བྱས་ཡོད་ཚུལ་བརྗོད་ཡོད་འདུག ས་ཆ་དེ་ཧྥི་ལི་ཕིན་ནས་སྤྱི་ལེ་༡༠༠ ཙམ་ནང་ཡོད་འདུག་ལ།
ཧྥི་ལི་ཕིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ། ས་ཆ་དེ་ཧ་ཅང་གལ་ཆེན་པོ་ཡིན་འདུག དེ་ཡང་ས་ཆ་དེ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་ཧྥི་ལི་ཕིན་བར་འབྲེལ་ལམ་འཛུགས་པར་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག ཧྥི་ལི་ཕིན་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་སྟོན་པ་(Eduardo Ano)ཟེར་བ་དེས་རྒྱ་ནག་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་ཀྱི་འདུག་པས། རྒྱ་ནག་གིས་བྱེད་སྟངས་དེ་ཧ་ཅང་ཐབས་སྡུག་རེད་ཅེས་བརྗོད་ཡོད་འདུག ད་ཆར་རྒྱ་ནག་དང་ཧྥི་ལི་ཕིན་བར་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་སུ་རྒྱ་ནག་གིས་ཧྥི་ལི་ཕིན་དང་རྒྱ་ནག་བར་གསང་བའི་ཐོག་ནས་གྲོས་མོལ་བྱས་པའི་སྒྲ་ཉར་ཚགས་བྱས་ཡོད་པ་དག་ཕྱི་ཕྱོགས་སུ་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་འདུག་པར་བརྟེན། གསང་བའི་ཐོག་ནས་གྲོས་མོལ་བྱས་པའི་སྒྲ་ཉར་པ་དག་ཕྱི་ཕྱོགས་སུ་བཏང་ན། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་གནས་སྟངས་ཛ་དྲག་ཏུ་ཕྱིན་ནས་ཉེན་ཁ་ཆེན་པོ་ཡོད་འདུག ཟླ་བ་སྔོན་མར་རྒྱ་ནག་གིས་ཧྥི་ལི་ཕིན་གྱི་ས་ཆ་(Scarborough Shoal)ཟེར་བའི་ནང་ཧ་ཅང་གི་ཉེན་ཁ་ཆེན་པོའི་ཐོག་ནས་དམག་དཔུང་ཡོང་བ་དང། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐད་ཉེན་ཁ་ཆེན་པོ་བཟོས་ཡོད་འདུག ཉེ་ཆར་(Second Thomas Shoal)ཟེར་བའི་ཧྥི་ལི་ཕིན་གྱི་མངའ་ཁུལ་ནང་རྒྱ་ནག་གི་གྲུ་གཟིངས་ཤིག་ཡོང་ནས་ཧྥི་ལི་ཕིན་གྱི་གྲུ་གཟིངས་ལ་ཆུ་གཏོར་ནས་གདོང་ཐུག་བྱུང་ཡོད་པ་དང་། ས་ཁུལ་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་ནས་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད་འདུག ཕྱི་ལོ་༢༠༡༢ ཙམ་ནས་རྒྱ་ནག་གིས་ཧྥི་ལི་ཕིན་གྱི་ཉ་པ་རྣམས་ལ་འཇིགས་སྐུལ་བྱས་ནས་མངའ་ཁུལ་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་པ་དང་། ས་ཁུལ་དེའི་ནང་གཏེར་ཁ་སྔོགས་འདོན་སོགས་བྱེད་ཀྱི་ཡོད་ཀྱང་། ཕྱིས་སུ་ཨ་རི་དང་ཧྥི་ལི་ཕིན་གཉིས་བར་གྲོས་མཐུན་བཞག་ནས་ས་ཁུལ་དེ་དག་ནང་དམག་སྦྱོང་བྱེད་པ་སོགས་ཀྱིས་རྒྱ་ནག་གི་ཉེན་ཁ་ལ་ཁ་གཏད་གཅོག་གི་ཡོད་འདུག ད་ཆར་ཧྥི་ལི་ཕིན་གཞུང་གིས་ཨ་རི་དང་ཉི་ཧོང་། ཨོ་སི་ཁྲོ་ལི་ཡ་བཅས་དང་ལྷན་དུ་མངའ་ཁུལ་དེའི་བདེ་འཇགས་ཀྱི་ཆེད་དུ་གྲོས་བསྡུར་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།