རྒྱ་ནག་དམར་ཤོག་ཚོགས་པའི་ངོ་གདོང་ངོ་མ་སྟོན་པའི་གློག་བརྙན་བཅུ། 

འཇིགས་སུ་རུང་བའི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་གོ་ལ་ཁྱོན་ལ་ཤུགས་ཆེར་ཁྱབ་གདལ་འགྲོ་བཞིན་པ་དང་སྦྲགས།རྒྱ་གཞུང་གི་གཡོ་སྒྱུ་དང་གདུག་རྩུབ་ཀྱི་རང་བཞིན་དེ་འཛམ་གླིང་མི་མང་གི་མིག་ལམ་དུ་དམར་རྗེན་དུ་འབུད་བཞིན་ཡོད་དེ། མི་མང་ཚོས་ནད་ཡམས་ཀྱིས་བསླངས་པའི་བརྡབ་གསིག་ཚད་མེད་དང་། ནད་ཡམས་འདིའི་སྡིག་ཉེས་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་པའི་གནས་ཚུལ་རྣམས་རིམ་གྱིས་ཤེས་རྟོགས་ཡོང་གི་ཡོད། 

ད་ལྟ་མི་ཕལ་ཆེ་བ་ཐེམ་སྤང་བཀའ་རྒྱའི་འོག་རང་ཁྱིམ་དུ་བསྡད་དེ་དུས་ཚོད་སྟོང་བ་ཡོད་སྟབས།  མང་པོ་ཞིག་གིས་ད་ལྟའི་གནས་སྟངས་འདི་ཇི་ལྟར་བྱུང་བའི་སྐོར་ལ་ཤེས་འདོད་དང་རྟོགས་འདོད་ཇེ་ཆེར་འགྱུར་བཞིན་པར་བརྟེན། ཨ་རིའི་གསར་ཁང་གྲགས་ཅན་ The Epoch Times ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་ངོ་གདོང་ངོ་མ་སྟོན་པའི་གློག་བརྙན་དང་། དངོས་བྱུང་གློག་བརྙན་སྐད་གྲགས་ཆེ་ཤོས་བཅུ་བདམས་ནས་ངོ་སྤྲོད་བྱས་འདུག་ཅིང་། གློག་བརྙན་རེ་རེས་དམར་ཤོག་སྲིད་གཞུང་གི་སྐྱི་གཡའ་བའི་དབང་སྒྱུར་གྱི་ཆ་མི་འདྲ་བ་རེ་རེ་དམིགས་སུ་བཀར་ནས་སྟོན་གྱི་ཡོད་འདུག 

གཤམ་དུ་གློག་བརྙན་བཅུ་པོ་དེ་དག་གི་མིང་དང་ངོ་སྤྲོད་མདོར་བསྡུས་རེ་བཀོད་ཡོད་ཅིང་།ལྟ་འདོད་མཁན་ཚོས་འཚོལ་བདེ་བའི་ཆེད་དུ་དབྱིན་ཇིའི་མིང་ལྷན་དུ་སྦྱར་ཡོད། 

1. <<དམར་པོའི་དབང་སྒྱུར།>> (Red Reign)
གློག་བརྙན་འདིའི་ནང་། གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པས་དབང་ཆ་སྒེར་གཅོད་ཀྱིས་རྩ་རླུང་ཉམས་ལེན་པ་རྣམས་(Falun Gon practitioners)་ལ་གདུག་རྩུབ་ཆེ་བའི་དྲག་གནོན་དང་། བཙན་གྱིས་ཁོ་ཚོའི་དོན་ལྔ་བཏོན་ནས་འཚོང་བ་མ་ཟད། ཨ་རིའི་གསར་ཁང་རྣམས་ལ་ལྐོག་རྔན་སྤྲོད་པ་དང་། འཇིགས་སྐུལ་སློང་བ་སོགས་བྱས་ཏེ་གནས་ཚུལ་དེའི་སྐོར་སྤེལ་དུ་འཇུག་གི་མེད་པའི་གནས་ཚུལ་བསྟན་ཡོད།

2. <<བུ་མོ་ཞིག་རེད།>> (It’s a Girl)

གློག་བརྙན་འདིའི་བརྗོད་བྱ་གཙོ་བོ་ནི། རྒྱ་ནག་གི་འཆར་ལྡན་བུ་ཚའི་སྲིད་བྱུས་ལ་བརྟེན་ནས་ཕོ་མཆོག་མོ་དམན་གྱི་ལྟ་བ་དངོས་སུ་ལག་བསྟར་ཤུགས་ཆེར་བྱེད་དགོས་བྱུང་སྟབས།བུ་མོ་རྣམས་སྐྱུར་བ་དང་།འཚོང་བ།གསོད་པ་སོགས་བྱས་ཏེ་བུད་མེད་རྣམས་ལ་སྡུག་བསྔལ་ཆེན་པོ་འཕྲད་ཚུལ་ཡིན་འདུག

3. <<རྒྱ་ནག་གིས་དམར་གསོད་བྱས་པ།>> (Death by China)

གློག་བརྙན་འདིའི་ནང་། གཙོ་བོ་དབང་ཆ་གཅིག་བསྡུས་སྲིད་གཞུང་གིས་སོ་སོའི་མ་རྩ་རིང་ལུགས་ཀྱི་ཁྲོམ་ར་དང་ཚོང་ལས་དབང་སྒྱུར་བྱས་པའི་ཐོགལྐོག་ཟ་རུལ་སུངས་དང་གཡོ་བྱུས་སྣ་ཚོགས་བེད་སྤྱོད་བྱས་ཏེ་ཨ་རིའི་བཟོ་ཚོང་ཁང་རྣམས་བསད་པའམ་མེད་པ་བཟོས་པ་བསྟན་ཡོད། 

4. <<འཇིགས་སྣང་ལས་འདས་པ།>> (Transcending Fear: The Story of Gao Zhisheng)

དངོས་བྱུང་གློག་བརྙན་འདིའི་བརྗོད་བྱ་ནི། རྒྱ་ནག་གི་སྙན་གྲགས་ཆེ་བའི་ཁྲིམས་རྩོད་པ་དང་རང་དབང་འབད་རྩོད་པ་གྷོ-ཧི་ཤིན་(Gao Zhisheng)གྱི་སྐུ་ཚེའི་ལོ་རྒྱུས་ཡིན་ཏེ། ཁོང་ཐོག་མར་རྒྱ་ནག་གི་གྲོང་གསེབ་ཀྱི་བྲག་ཕུག་ཏུ་སྐྱེས་ཤིང་།དེ་ནས་རྒྱ་ནག་གི་ཁྲིམས་རྩོད་པ་སྐད་གྲགས་ཆེ་ཤོས་ཤིག་ཏུ་གྱུར་བ་དང་།  དེའི་རྗེས་རང་དབང་དང་དྲང་བདེན་ལ་བརྩོན་པས། དམར་ཤོག་ཚོགས་པས་ཁོང་དང་ཁོང་གི་ནང་མིར་འཇིགས་སྐུལ་བྱས་པ་མ་ཟད།མཇུག་མཐར་ཁོང་གར་སོང་ཆ་མེད་དུ་གྱུར་བའི་སྐོར་ཡིན་འདུག 

5. <<འགུལ་མེད་དུ་བསྡད་པའི་གླང་ཆེན་ཞིག>> (An Elephant Sitting Still)

གློག་བརྙན་འདི་ནི་རྒྱ་ནག་གི་བཟོ་ལས་སུ་བསྒྱུར་བའི་བྱང་ཕྱོགས་ས་ཁུལ་གྱི་འཚོ་བ་དང་།དཀའ་སྡུག་མཐོང་སའི་སྒེའུ་ཁུང་ཞིག་ཡིན་འདུག་ཅིང་། འདི་ལས་རྒྱ་ནག་གི་ཁེར་རྐྱང་དང་སྣང་མེད་དུ་བསྐྱུར་བའི་སྤྱི་ཚོགས་ཉམ་ང་བ་ཞིག་མཐོང་ཐུབ། 

6. <<མའོ་ཡི་གར་མཁན་མཐའ་མ།>> (Mao’s Last Dancer)

གློག་བརྙན་འདིའི་བརྗོད་བྱར་རྒྱལ་སྤྱིའི་ནང་སྐད་གྲགས་ཆེ་བའི་རྒྱ་ནག་གི་གར་མཁན་ལི-ཁན་ཤིན་(Li Cunxin)གྱི་མི་ཚེའི་ལོ་རྒྱུས་བཟུང་ཡོད་ཅིང་། འདིའི་ནང་ཐོག་མར་ཁོང་ཇི་ལྟར་ཞིང་པ་དཀྱུས་མ་ཞིག་ནས་མའོ་པེ་ཅིང་ཞབས་བྲོའི་སློབ་གྲྭར་ཚུད་པ་དང་། དེ་ནས་རྒྱ་ནག་ནས་རིག་གཞུང་བརྗེ་རེས་ཀྱི་ལས་འགུལ་ཞིག་གི་ནང་ཨ་རིར་འབྱོར་དུས།ཨ་རིའི་རང་དབང་གི་འཚོ་བ་དེ་རྒྱ་ནག་གི་རྫུན་བསྒྲགས་ལས་ཡོངས་སུ་ལྡོག་པ་མཐོང་བའི་སྐོར་ཡིན། 

7. <<སྲང་ལམ་གྱི་སྒྲོན་འོད།>> (Candlelight Across the Street)

གློག་བརྙན་འདི་ནི་དངོས་ཀྱི་བྱུང་བ་ལ་གཞི་བཞག་པ་ཞིག་ཡིན་འདུག་སྟེ། ཆིན་རྒྱལ་རབས་ཀྱི་རྒྱལ་མོ་སི་ཤི་(Cixi)ཡིས་ཕྱི་ལོ་༡༨༧༥ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཏྲོན་དུ་གཞིས་ཁང་ཞིག་ཉོས་པ་དེ་ཕྱིས་སུ་རྒྱ་ནག་གི་གཞུང་ཚབ་ཁང་དུ་འགྱུར། 

དེ་ནས་ཕྱི་ལོ་༢༠༠༢ ལོར་རྒྱ་ནག་གི་གཞུང་ཚབ་ཁང་དེའི་མདུན་དུ་མི་ཚོ་གཅིག་བྱུང་སྟེ་ཞི་བའི་ངོ་རྒོལ་བྱེད་འགོ་བརྩམས་ཤིང་། དུས་དེ་ནས་བཟུང་ཞི་བའི་ངོ་རྒོལ་དེའི་མཚམས་གཏན་ནས་འཇོག་མྱོང་མེད་དེ། རྒྱ་ནག་དམར་ཤོག་ཚོགས་པས་ཉིན་མཚན་ཐུན་དྲུག་ལ་རེས་མོས་ཀྱིས་སྒྲོན་མེའི་འོད་གཏན་ནས་གཟིམ་དུ་མི་འཇུག་པར་འཇོགདེའི་རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་ཚོགས་པས་རྩ་རླུང་ཉམས་ལེན་བ་རྣམས་ཉིན་མཚན་ཐུན་དྲུག་ལ་མནར་གཅོད་གཏོང་མཚམས་འཇོག་གི་མེད་པས་ཡིན་ཟེར། 

8. <<ཁུང་ཙིའི་མིང་ཐོག་ནས།>> (In the Name of Confucius)

བྱ་དགའ་ཐོབ་པའི་དངོས་བྱུང་གློག་བརྙན་འདིའི་ནང་།རྒྱ་ནག་དམར་ཤོག་ཚོགས་པས་མ་དངུལ་ཕོན་ཆེན་བཏང་སྟེ་ནུབ་ཕྱོགས་ཀྱི་མཐོ་སློབ་དང་སློབ་གྲྭ་ཁག་ལ་ཁུང་ཙི་སློབ་གཉེར་ཁང་(Confucius Institute)ཞེས་པ་བཙུགས་ཤིང་། དེ་དག་བརྒྱུད་དེ་ས་ཁུལ་དང་རྒྱལ་ཁབ་དེ་དག་ནང་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱེད་ཀྱིན་པའི་དངོས་ཡོད་དེ་བསྟན་ཡོད་ཅིང་། གློག་བརྙན་དེའི་ནང་བརྗོད་པ་ལྟར་ན།འཛམ་གླིང་ནང་ཁུང་ཙི་སློབ་གཉེར་ཁང་༡༦༠༠ ཙམ་ཡོད་འདུག 

9. <<མ་སན་ཇི་ཡ་ནས་བསྐུར་བའི་འཕྲིན་ཡིག>> (Letter From Masangjia)

གློག་བརྙན་འདིའི་ནང་། ཨ་རིའི་ཨོ་ར་གྷན་(Oregon)དུ་འཚོ་སྡོད་བྱེད་པའི་བུད་མེད་ཅིག་གིས་སྡུག་འདྲེའི་དུས་ཆེན་སྐབས་བཀོལ་བའི་ཁང་པའི་མཛེས་རྒྱན་གྱི་ཤོག་སྒམ་ཞིག་གི་ནང་ནས་འཕྲིན་ཡིག་ཅིག་རྙེད། དེ་ནི་ལེ་བར་སྟོང་ཕྲག་གི་ཕར་སྣང་སྟེ་རྒྱ་ནག་གི་མ་སན་ཇི་ཡ་ངལ་རྩོམ་སྒྱུར་བཀོད་ཁང་(Masanjia Labor Camp)དུ་བཙན་གྱིས་ངལ་རྩོལ་བྱེད་དུ་བཅུག་པའི་ཆབ་སྲིད་བཙོན་པ་ཞིག་གིས་འུ་ཐུག་ཐབས་ཟད་ཀྱི་ཞུ་འབོད་ཅིག་ཡིན། 

འཕྲིན་ཡིག་དེའི་འབྱུང་ཁུངས་དང་འབྲི་མཁན་རྩད་གཅོད་ཞིབ་འཇུག་ནན་པོ་བྱས་པའི་མཐར་རྒྱ་ནག་གི་ངལ་རྩོལ་སྒྱུར་བཀོད་ལམ་ལུགས་ལ་སྒྱུར་བཅོས་ཆེན་པོ་གཏོང་དགོས་ཁེལ་ནས་རྒྱལ་ཁ་འཐོབ། 

10. <<འབྲུག་དམར་པོའི་སྡེར་མོ།>> (Claws of the Red Dragon)

ཉེ་བའི་བྱུང་བ་དངོས་ལ་གཞི་བཞག་པའི་གློག་བརྙན་འདིའི་ནང་། རྒྱ་ནག་གིས་དུས་རྒྱུན་གྱི་གདུག་རྩུབ་ཅན་གྱི་གཡོ་བྱུས་སྣ་ཚོགས་སྤྱད་དེ་ 5G དྲ་བའི་ཐོག་ནས་ཆབ་སྲིད་ཀྱི་དབང་སྒྱུར་དང་རྒྱལ་ཁ་ལེན་པའི་འབད་བརྩོན་བྱེད་བཞིན་པའི་གནས་ཚུལ་གསལ་སྟོན་བྱས་ཡོད།

དཀོན་མཆོག་རབ་བརྟན།