རྒྱ་ནག་ལ་ཟུར་ཟ་བྱེད་མཁན་རྒྱ་རིགས་སློབ་མས་དགོངས་སེལ་ཞུ་དགོས་བྱུང་བ།

ཨ་རིའི་མི་རི་ལེན་ཌེ་གཙུག་ལག་སློབ་གཉེར་ཁང་གི་སློབ་མཐར་མཛད་སྒོར། སློབ་ཐོན་པ་རྒྱ་རིགས་སློབ་མ་བུད་མེད་གཅིག་གི་གཏམ་བཤད་ནང་། ཨ་རིའི་མཁའ་རླུང་གཙང་མ་དང་སྨྲ་བརྗོད་རང་དབང་སོགས་ལ་བསྔགས་བརྗོད་བྱས་ནས། རྒྱ་ནག་ལ་ཟུར་ཟ་བྱས་ཡོད་པས། རྒྱ་ནག་ཏུ་ཡོད་པའི་རྒྱ་མི་ཚོས་མོ་ལ་སྐྱོན་བརྗོད་དང་སྡིག་ར་སོགས་ཆེན་པོ་བྱས་པས། མཐར་བུད་མེད་དེས་དགོངས་སེལ་ཞུ་དགོས་པ་བྱུང་ཡོད་འདུག

ཟླ་འདིའི་ཚེས་༢༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༢༡ ཉིན་ཨ་རིའི་མེ་རི་ལེན་ཌེ་གཙུག་ལག་སློབ་གཉེར་ཁང་(Maryland university) གི་སློབ་མཐར་མཛད་སྒོ་འཚོགས་ཡོད་པ་དང་། སྐབས་དེར་སློབ་ཐོན་ཁྲོད་འདེམས་ཐོན་བྱུང་བའི་གཏམ་བཤད་པ་རྒྱ་ནག་ནས་སླེབས་པའི་སློབ་མ་ཡང་ཤུ་ཕིང་ཞེས་པས། མོ་ཐོག་མར་ཨ་རིར་སླེབས་དུས་ཨ་རིའི་མཁའ་རླུང་གཙང་མ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་རང་དབང་ཚོར་ཡོད་པ། དེ་བཞིན་མོ་རྒྱ་ནག་ཏུ་ཡོད་སྐབས། ཕྱི་ལ་ག་དུས་སོང་ཡང་གདོང་འབག་མ་གྱོན་ན། ནད་པ་ཆགས་པའི་ཉེན་ཁ་ཡོད་སྐོར་བརྗོད་པས། དེ་གར་འཛོམས་པའི་མི་མང་ཚོས་དགའ་བསུ་ཆེན་པོས་ལག་པ་བརྡབ་ཡོད་འདུག

དེ་བཞིན་མོས་མེ་རི་ལེན་ཌེ་གཙུག་ལག་སློབ་གཉེར་ཁང་དུ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་རྒྱུ་བྱུང་བ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་སྐོར་བརྗོད་ནས། མང་གཙོ་དང་སྨྲ་བརྗོད་རང་དབང་སོགས་ནི་འཐབ་རྩོད་བྱེད་འོས་པའི་མཁའ་རླུང་གཙང་མ་ཡིན་པ། དེ་བཞིན་ཨ་རིར་ཐོག་མར་སླེབས་དུས་སློབ་མའི་གཏམ་རྒྱུད་རུ་ཁག་ཅིག་གིས། ཨ་རིའི་ནང་གི་ཆབ་སྲིད་ཀྱི་ལོ་རྒྱུས་འཁྲབ་སྟོན་བྱས་པ་མཐོང་བས་སེམས་འགུལ་ཤུགས་ཆེན་ཐེབས་ཡོད་པ། མོས་དེ་སྔོན་ཆབ་སྲིད་བྱུང་བ་རྣམས་བརྗོད་པའི་དབང་ཆ་དེ་ནི་དབང་འཛིན་པ་ཚོ་ལ་མ་གཏོགས་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་སོགས། གཏམ་བཤད་དེའི་ནང་ཨ་རིའི་མཁའ་རླུང་གཙང་མ་དང་། སྨྲ་བརྗོད་རང་དབང་སོགས་ལ་བསྟོད་བསྔགས་བྱས་ཏེ་རྒྱ་ནག་ལ་ཟུར་ཟ་ཆེན་པོ་བྱས་ཡོད་པས། རྒྱ་མི་ཚོས་མོའི་གཏམ་བཤད་དེར་རྒོལ་ལན་དྲག་པོ་བྱས་ཡོད་འདུག

མོའི་གཏམ་བཤད་དེ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཟླ་འདིའི་ཚེས་༢༣ ཉིན་བར་བརྙན་ཐུང་དེ་ཐེངས་ས་ཡ་༥༠ ལྷག་བལྟས་ཟིན་ཡོད་པ་དང་། རྒྱ་ནག་གི་དྲ་ལམ་ཁག་ཏུ་གླེང་སློང་ཆེ་ཤོས་ཀྱི་བརྗོད་གཞི་ཞིག་ཆགས་ཡོད་འདུག

རྒྱ་མི་མང་པོ་ཞིག་གིས་མོས་རང་རྒྱལ་ལ་སྨད་ར་བཏང་ཡོད་པ། རྫུན་བཤད་ཡོད་པ་སོགས་ཀྱི་སྐྱོན་བརྗོད་དང་། ཕྱིར་རང་ཡུལ་ལ་ལོག་མི་ཆོག་པའི་སྡིག་ར་ཡང་སྐུལ་མཁན་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཞིག་གིས། མོའི་གཏམ་བཤད་དེ་ཕྱོགས་ལྷུང་དང་ལྡན་པ་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག

སྐྱོན་བརྗོད་དང་སྡིག་རའི་ཁྲོད། སློབ་མ་ཡང་ཞུ་ཕིང་གིས་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཝི་བྷོ་ཐོག་ཏུ་དགོངས་སེལ་ཞུས་ཡོད་འདུག མོས་རང་ཉིད་ཀྱི་གཏམ་བཤད་དེར་ཡ་ལན་ཤུགས་ཆེན་པོ་བྱུང་བར་ཧང་སངས་བ་དང་སེམས་མི་སྐྱིད་པ་བྱུང་བ། གཏམ་བཤད་དེ་རང་ཉིད་ཀྱི་ཉམས་མྱོང་བཤད་ཆེད་ཡིན་པ་ལས། རྒྱ་ནག་ལ་སྨད་ར་གཏོང་ཆེད་མིན་སྐོར་བརྗོད་ནས། མོས་“རང་གི་རྒྱལ་ཁབ་དགའ་ཞེན་ཆེན་པོ་ཡོད། ཚང་མར་སེམས་གཏིང་ནས་དགོངས་སེལ་ཞུ་ཡི་ཡོད་པས། ཚང་མས་ང་ལ་དགོངས་བཞེས་བྱེད་པའི་རེ་བ་ཡོད། ང་ལ་སློབ་གསོ་ཐེབས་སོང་”ཞེས་བྲིས་ཡོད་འདུག

མོའི་གཙུག་ལག་སློབ་གཉེར་ཁང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་། རྒྱབ་སྐྱོར་གྱི་ཚུལ་དུ་རང་དང་ལྟ་བ་ལངས་ཕྱོགས་མི་མཐུན་པ་ཚོ་དང་། གུས་ཞབས་ལྡན་པའི་ཐོག་ནས་གྲོས་བསྡུར་བྱ་རྒྱུ་དེ་ནི་མཐོ་སློབ་ཀྱི་ཁོར་ཡུག དེའི་ཕྱི་ལོགས་སུ་དགོས་ངེས་ཆེ་བའི་རྩལ་ཞིག་ཡིན་པ། དེ་བཞིན་མོའི་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡོད་འདུག

རྒྱ་མི་ཞིག་གིས་ཝི་བྷོ་ཐོག་ཏུ། “རྒྱ་རིགས་མི་མང་རྣམས་ཨ་རིར་ཕྱིན་ཡང་། སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་ཐུབ་ཀྱི་མེད་པ་འདྲ་”ཞེས་མཆན་བཀོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།