རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་མཇུག་བསྒྲིལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཐེངས་འདིའི་ཚོགས་ཐེངས་ཐོག་ཊོཀ་ཡོ་སྤྱི་བསྒྲགས་དང་། ལག་བསྟར་འཆར་གཞི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་རླབས་ཆེན་གྱི་མཛད་རྗེས་ལ་ཡི་རངས་ཆེ་བསྟོད་དང་འབྲེལ་བའི་གྲོས་ཆོད་གཅིག་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་འདུག 

ཕྱི་ཟླ་༦ པའི་ཚེས་༣ ནས་དུས་ཡུན་ཉིན་གཉིས་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་གྱི་གོ་སྒྲིག་འོག་ཚོགས་ཡོད་པ་བཞིན། ཚོགས་ཆེན་དེའི་ཐོག་ཉི་འོང་གཙོས་པའི་རྒྱལ་ཁབ་ཁག་མི་འདྲ་བ་  ༢༩ ཡི་གྲོས་ཚོགས་འཐུས་མི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཚོགས་གཙོ་སྦྲེལ་པོ། ནང་སྲིད་བཀའ་བློན་དང་བོད་མི་མང་སྤྱི་འཐུས་ཁག་ཅིག་གཙོས་པའི་དབུ་ཁྲིད་རྣམ་པ། གཞན་ཡང་ཕྱི་ནང་གི་མཁས་དབང་དང་། མི་རིགས་འདྲ་མིན་གྱི་ལས་འགུལ་བ་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༤༢ ལྷག་ཙམ་དངོས་སུ་མཉམ་ཞུགས་གནང་ཡོད་འདུག ཐེངས་འདིའི་ཚོགས་ཐེངས་ཐོག་ཊོཀ་ཡོ་སྤྱི་བསྒྲགས་དང་། ལག་བསྟར་འཆར་གཞི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་རླབས་ཆེན་གྱི་མཛད་རྗེས་ལ་ཡི་རངས་ཆེ་བསྟོད་དང་འབྲེལ་བའི་གྲོས་ཆོད་གཅིག་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་འདུག 

ཚོགས་ཆེན་གྱི་ཉིན་དང་པོར་གནད་ཡོད་མི་སྣ་རྣམས་ཀྱིས་དངོས་སུ་དང་དྲྭ་རྒྱའི་ཐོག་ནས་བོད་དོན་གསུང་བཤད་གནང་ཡོད་འདུག་པ་དང་། ཚོགས་ཆེན་གྱི་ཉིན་གཉིས་པར་རྒྱ་ནག་མང་གཙོ་དོན་གཉེར་ཚོགས་པ། ཡུ་གུར་ཚོགས་པ། ལྷོ་སོག་ལྷན་ཚོགས། ཧོང་ཀོང་མང་གཙོ་དང་རང་དབང་ཚོགས་པ། ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་བཅས་ཀྱི་འཐུས་ཚབ་ནས། ཐུན་མོང་གི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་ཐུན་མོང་གི་གཞི་རྟེན་འཚོལ་བ། མཉམ་སྦྲེལ་གྱི་ནུས་པ་གོང་མཐོར་བཏང་སྟེ་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱ་རྒྱུ།

དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམ་པས་མཐུན་འགྱུར་རྒྱབ་སྐྱོར་གང་གནང་ཐུབ་མིན། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་དང་། མ་འོངས་མདུན་བསྐྱོད་སོགས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། གྲོས་ཚོགས་འཐུས་མི་རྣམ་པས་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་གནང་ཡོད་འདུག་ལ། དེ་བཞིན་ཚོགས་བཅར་བ་རྣམ་པ་ཚོགས་ཆུང་ཆ་བགོས་ཀྱིས་གོང་གསལ་བརྗོད་གཞི་ཁག་གི་ཐོག་བཀའ་བསྡུར་གནང་ཞིང་། ཚོགས་ཆུང་གི་ཚོགས་གཙོས་ཚོགས་ཆུང་ནང་བཀའ་བསྡུར་ཇི་བྱུང་སྙན་ཐོ་རིམ་པས་སྙན་སྒྲོན་དང་། དེ་རྗེས་གྲོས་ཚོགས་འཐུས་མི་རྣམ་པས་བརྙན་ལམ་བརྒྱུད་གསུང་བཤད་གནང་ཡོད་འདུག

མཇུག་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་གྱིས་ཚོགས་ཆེན་འདིའི་གལ་ཆེའི་རང་བཞིན་དང་། རྒྱ་ནག་དམར་གཞུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གཏོར་སྐྱོན། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། ཆོས་དད་རང་དབང་མེད་པ་སོགས་ཀྱི་སྐོར་གསུང་བཤད་དང་། གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྷན། ཚོགས་འདུ་ཟུང་སྦྲེལ་གོ་སྒྲིག་ཞུ་མཁན་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་མཐུན་འགྱུར་རོགས་རམ་ཆེན་པོ་གནང་བ་དང་། དེ་བཞིན་ཚོགས་ཆེན་འདིའི་ཐོག་དྲྭ་ལམ་དང་དངོས་སུ་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་སོགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། ཚོགས་འདུ་གོ་སྒྲིག་ཞུ་མཁན་དང་། ཟིན་བྲིས་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་སྤེལ་བ་དང་བཅས་ཐེངས་འདིའི་ཚོགས་ཆེན་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།