རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་བརྟན་བཞུགས་རྗེས་སུ་ཉིན་གསུམ་རིང་བོད་ཀྱི་ན་གཞོན་དུས་སྟོན་ཞིག་འཚོགས་བཞིན་འདུག

ཉེ་ཆར་༧གོང་ས་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོས་བརྟན་བཞུགས་ཤིག་ཕུལ་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་༣༣ ནས་བོད་པའི་གཞོན་སྐྱེས་ཁྱོན་༥༠༠༠ ཙམ་གྱིས་ཐོ་འགོད་བྱས་ཡོད་འདུག བརྟན་བཞུགས་སྐབས་དངོས་སུ་ས་གནས་སུ་ཕེབས་མཁན་གཞོན་སྐྱེས་༡༠༠༠ ཙམ་བྱུང་འདུག རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་བརྟན་བཞུགས་དང་སྟབས་བསྟུན་ནས་ཉིན་གསུམ་རིང་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་དུས་སྟོན་ཞིག་ཀྱང་གོ་སྒྲིག་གནང་འདུག

པར། བོད་ཀྱི་བང་ཆེན།

ཕྱི་ཚེས་༡༠ ཉིན་གྱི་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་རྣམས་དང་། ལྷོ་ཁ་རིག་གཞུང་དང་སྤྱི་ཚོགས་བདེ་དོན་ཚོགས་པ། ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་བཅས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་བརྟན་བཞུགས་མཛད་སྒོ་འཚོགས་པ་རེད། ངོས་རང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་སྡོད་ཀྱི་རེད་བསམ་པ་ཞིག་ཡོད་ལ་དེ་ལྟར་བཤད་བཞིན་ཡོད། གང་ལྟར་ངོས་ལ་མོས་པ་བྱེད་མཁན་ནང་པ་ཙམ་མ་ཡིན་པར་ཡི་ཤུ་དང་ཚན་རིག་པ་སོགས་མང་པོ་ཡོད། དེ་དག་ཚང་མར་ངོས་ཀྱི་ལུས་སེམས་འདིའི་ཐོག་ནས་འདོད་པ་བསྐང་རྒྱུ་དང་། ཡིད་ཚིམས་པ་ཡོང་ཐུབ་ཆེད་ཞོགས་པ་ཡར་ལངས་པ་ནས་བཟུང་གཞན་དོན་དུ་སེམས་བསྐྱེད་ལ་བསམ་བློ་ཧ་ཅང་ཤུགས་ཆེན་པོ་གཏོང་བཞིན་ཡོད། བསམ་དོན་ཆོས་བཞིན་དུ་འགྲུབ་པར་སྨོན་ལམ་རྒྱག་གི་ཡོད། ཁྱོད་ཚོ་ཚང་མས་ཀྱང་སྨོན་ལམ་མཚམས་སྦྱོར་གནང་ཤོག་ཅེས་གསུངས་ནས་མི་མང་ལ་བཀའ་སློབ་བསྩལ་གནང་སོང་།
ཕྱི་ཚེས་༡༡ ནས་འགོ་བཙུགས་ཏེ་ཚེས་༡༣ བར་རྡ་སའི་བོད་ཕྲུག་ཁྱིམ་སྡེ་རུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་དུས་སྟོན་ཞིག་འཚོགས་བཞིན་ཡོད་པ་དང་། ཁ་སང་དུས་སྟོན་དབུ་འཛུགས་སྐབས་སུ་སྐུ་མགྲོན་གཙོ་བོར་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་༧སྐྱབས་རྗེ་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་དབུས་པའི་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཡེ་ཤེས། འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར། སློབ་དཔོན་བྱམས་པ་བསམ་གཏན། གཞན་བོད་པའི་སྒྱུ་རྩལ་བ་དང་། གཞོན་སྐྱེས་སོགས་མང་པོ་ཕེབས་གནང་འདུག
སྐབས་དེར་རྔ་བ་ཚེ་རྒྱམ་ལགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་སུ། བརྟན་བཞུགས་བརྒྱུད་ནས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་། བཀའ་དྲིན་དྲན་པའི་ཐོག་ནས་བོད་ཀྱི་གཞོན་སྐྱེས་ཚོས་བོད་རིགས་ཀྱི་རྩ་དོན་དང་རིག་གཞུང་། སྐད་དང་ཡི་གེ་མི་ཉམས་རྒྱུན་འཛིན་ཆེད་དུ་ལས་འགན་འཁུར་དགོས་པའི་སྐོར་གསུངས་གནང་སོང་། དེ་བཞིན་ཉེ་ཆར་ཐོན་པའི་༧གོང་ས་མཆོག་གི་ཕྱག་དཔེ་བོད་དང་བོད་མིའི་མགྲིན་ཚབ་ཅེས་པ་དེ་གཞོན་སྐྱེས་ཚོས་ངེས་པར་ཀློག་དགོས་སྐོར་གསུངས་གནང་སོང་ལ། གཞིས་བཞུགས་བོད་མི་ཚོས་བཙན་བྱོལ་ནང་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་ཡོད་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡོད་པ། དེ་བཞིན་བོད་མི་ཡོད་པ་བཅས་ཀྱི་གནད་དོན་ལ་གཞིགས་ཏེ་རེ་བ་བྱེད་ཀྱི་ཡོད་སྟབས། རྒྱ་གཞུང་གིས་བོད་ནང་འཐབ་བྱུས་སྣ་ཚོགས་ཀྱི་ཐོག་ནས་བོད་མི་རིགས་རྩ་མེད་བཟོ་ཐབས་བྱེད་བཞིན་པར་ང་ཚོས་བོད་མི་རིགས་ཀྱི་ངོ་བོ། སྐད་དང་ཡི་གེ ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱིས་ནང་ཁུལ་མཐུན་སྒྲིལ་གནང་གལ་ཆེ་བ་སོགས་ནན་བརྗོད་གནང་སོང་།
དེ་རྗེས་མ་གཅིག་ཚོགས་པ་དབུ་འཛུགས་གནང་མཁན་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་ཉམས་ཞིབ་གནང་མཁན་འབུམ་རམས་པ་བཀྲ་ཤིས་རབ་རྒྱས་ཀྱིས་ད་ལྟའི་ཆར་འཛམ་གླིང་གི་ཆབ་སྲིད་གནས་སྟངས་ཁྲོད་འགྱུར་ལྡོག་ཤུགས་ཆེ་པོ་ཞིག་འགྲོ་བཞིན་ཡོད་པས། འགྱུར་ལྡོག་དེ་དག་གི་ཁྲོད་ང་ཚོ་ངོས་ནས་བོད་ཀྱི་རྩ་དོན་དེ་རྒྱལ་སྤྱི་ཐོག་ཏུ་གླེང་སློང་བྱེད་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་བོད་པའི་སྤྱི་ཚོགས་ཁྲོད་རྒྱ་ནག་གིས་བོད་དེ་རྒྱ་ལ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་ལྟར། བོད་པ་ཚང་མ་རྒྱ་ནག་ལ་འགྱུར་འགྲོ་བཞིན་ཡོད་པའི་ཚོར་སྣང་ཞིག་ཡོང་གི་ཡོད་ཀྱང་། ད་ལྟ་བོད་ཕྱི་ནང་གཉིས་ཀྱི་བོད་པའི་སྤྱི་ཚོགས་ཁྲོད་བོད་པ་བོད་པ་རང་སར་གནས་ཡོད། རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ཁྲོད་ང་ཚོས་ཀྱང་གོམ་པ་མཉམ་དུ་སྤོ་མ་ཐུབ་ཚེ་མ་འོངས་པར་བོད་རིགས་དེ་རྒྱ་ལ་འགྱུར་སྲིད་པ་རེད། འདས་པའི་དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་གི་ཆབ་སྲིད་ཁྲོད་འགྱུར་བ་ཆེན་པོ་ཕྱིན་པ་རེད། རྒྱལ་ཁབ་གསར་འཛུགས་བྱེད་པའི་ལམ་ལུགས་གསར་པ་ཞིག་སླེབས་ཡོད་ཅིང་། སྐབས་དེར་བོད་ལ་རྒྱལ་ཁབ་ཅིག་འཛུགས་རྒྱུའི་ཆ་རྐྱེན་ཆ་ཚང་འཛོམས་ཡོད་ཀྱང་། སྐབས་དེ་དུས་ལས་ཀྱི་སྣེ་བ་ཚོས་སྤྱི་དོན་ལ་བསམ་བློ་མི་གཏོང་བ་དང་། བསམ་བློ་གུ་དོག་དྲག་པ་སོགས་ཀྱི་རྒྱུ་མཚན་མང་པོ་ཞིག་གི་འོག་ནས་དེ་ལྟར་བྱུང་མེད་པ་དང་། ལྷག་པར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་མ་འོངས་པར་གནས་སྟངས་ཇི་ལྟར་འགྱུར་བ་གསལ་པོར་གསུངས་ཡོད་ཀྱང་། གོ་སྐབས་དམ་འཛིན་བྱས་ཐུབ་མེད་པ་རེད། ད་ལྟ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་དུས་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚང་མས་བསམ་བློ་གུ་ཡངས་པོ་དང་ཕན་ཚུན་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱེད་པའི་ཐོག་ནས་གོ་སྐབས་རྣམས་དམ་འཛིན་བྱེད་མ་ཐུབ་ཚེ་མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་རེད་ཅེས་བརྗོད་གནང་སོང་།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་དུས་སྟོན་སྐབས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག རིག་གཞུང་། རྩ་དོན་སོགས་དང་འབྲེལ་བའི་སྐོར་བགྲོ་གླེང་དང་། མཁས་པའི་གཏམ་བཤད། ཡིག་གཟུགས། གློག་བརྙན་དུས་སྟོན། འགྲེམས་སྟོན་སོགས་ཡོད་པ་དུས་སྟོན་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཟླ་བ་ཆོས་འཛོམས་ལགས་ཀྱིས་བརྗོད་གནང་སོང་། དུས་སྟོན་དེའི་མིང་ལ་དམ་ཚིག འབྲེལ་ལམ། དགའ་འཛོམས་ཞེས་བཏགས་གནང་ཡོད་འདུག ཉིན་གསུམ་པར་རོལ་དབྱངས་དུས་སྟོན་ཞིག་ཀྱང་ཚོགས་འཆར་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།