ལག་ཁྱེར་ངོ་བཤུས་གཞན་གྱིས་བེད་ལོག་བྱས་པའི་ཁྲིམས་ཐོག་གི་དཀའ་ངལ་འཕྲད་པ།
བོད་མི་ཞིག་གི་ཨ་ཌར་(Adhaar)ངོས་འཛིན་ལག་ཁྱེར་གྱི་ངོ་བཤུས་མི་གཞན་གྱིས་བེད་སྤྱོད་ལོག་པར་བཏང་བས། རྒྱ་གར་གྱི་ཉེན་རྟོག་ཁང་ནས་ལག་ཁྱེར་གྱི་ངོ་བཤུས་དོ་བདག་ལ་ནག་ཉེས་བསག་པའི་བརྡ་ལན་འབྱོར་ཡོད་འདུག་ཀྱང། ད་ལྟའི་ཆར་ཁོང་གི་ནག་ཉེས་པ་མིན་པ་ར་འཕྲོད་བྱུང་ཡོད་ནའང་། ཉེན་རྟོག་ཁང་ནས་བརྡ་ལན་འབྱོར་མ་ཐག། འབྱོར་ཐོ་འགོད་པར་འགྲོ་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
དེ་ཡང་དྷ་ས་གངས་སྐྱིད་དཔེ་སྟོན་སློབ་གྲྭར་མ་བྱན་གྱི་ལས་ཀ་བྱས་ནས་ལོ་༡༠ འགྲོ་བཞིན་པའི་ཚེ་རིང་སྟོབས་རྒྱལ་ལ། ཟླ་༢ པའི་ཚེས་༢༤ ཉིན་རྒྱ་གར་ཡུ་པི་མངའ་སྡེ་ལག་ནའོ་གྲོང་ཁྱེར་གྱི་ཉེན་རྟོག་ཁང་ནས། བརྡ་ལན་ཞིག་འབྱོར་ཡོད་པ་དང། དེའི་ནང་དུ་རྒྱ་གར་གྱི་ཉེས་ཆད་བཅའ་ཡིག་IPC 420 མི་གཞན་ལ་མགོ་བསྐོར་ནས་རྒྱུ་ནོར་རྐུ་བ་དང། རྒྱ་གར་དྲ་རྒྱའི་ཁྲིམས་ IT66 དྲ་ལམ་ཐོག་ནས་ནག་ཉེས་བསག་པའི་བརྡ་ལན་འབྱོར་ཡོད་འདུག
ཁོང་ནི་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་བོད་པ་ཕལ་ཆེ་བ་ནང་བཞིན། རྒྱ་གར་གྱི་ཁྲིམས་ལུགས་སྐོར་ལ་གོ་རྟོགས་གང་ཡང་མེད་ཁར། དབྱིན་ཡིག་དང་ཧིན་དྷི་རང་རྐྱ་འཕེར་བ་ཤེས་ཀྱི་མེད་པས། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་རོགས་པ་བྱེད་རོགས་ལབ་ཡོད་པ་དང་། དེ་གར་ཁོང་ལ་ནག་ཉེས་གང་གི་འོག་ལ་བརྡ་ལན་འབྱོར་བ་ཤེས་དུས། ཧང་སངས་ནས་རང་ཉིད་ཉེས་མེད་ཡིན་སྐོར་བརྗོད་ཡོད་འདུག་པས། ཁྲིམས་ལུགས་རིག་པའི་ཚོགས་པས་ཁོང་གི་ངོ་ཚབ་བྱས་ནས། གནས་ཚུལ་དེའི་སྐོར་ཞིབ་འཇུག་བྱས་པ་བརྒྱུད། ཁོང་གི་ནག་ཉེས་མིན་པ་ར་འཕྲོད་བྱུང་ཡོད་འདུག་ཀྱང། ལག་ནའོ་ཉེན་རྟོག་ཁང་ནས་བརྡ་ལན་ག་དུས་འབྱོར་ནའང། འབྱོར་ཐོ་འགོད་པར་འགྲོ་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
དེ་ཡང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་གནས་ཚུལ་དེའི་སྐོར་ཉམས་ཞིབ་བྱས་པ་བརྒྱུད། ཕྱི་ལོ་༢༠༡༥ ལོའི་ཟླ་༢ པའི་ནང་ཚེ་རིང་སྟོབས་རྒྱལ་གྱི་ཁ་པར་བྱང་བུ་བོར་བརླག་སོང་ཡོད་པས། བྱང་བུ་གསར་པ་ཞིག་ཉོས་ཡོད་པ་དང། སྐབས་དེར་ཁོང་གི་རྒྱ་གར་གྱི་ཨ་ཌར་(Adhaar) ངོས་འཛིན་ལག་ཁྱེར་གྱི་འདྲ་བཤུས་ཤིག་བོར་བརླག་ཏུ་སོང་ཡོད་ཀྱང། ཁོང་གི་གནས་ཚུལ་དེ་སྣང་མེད་དུ་བཏང་བ་ལས། ཉེན་རྟོག་ཁང་དུ་འདྲ་བཤུས་དེ་བརླག་པའི་བརྡ་ལན་FIR སྤྲད་མེད་པ་རེད།
རྗེས་སུ་ཁོང་གི་ངོས་འཛིན་ལག་ཁྱེར་གྱི་འདྲ་བཤུས་དེ་མི་གཞན་གྱིས་རྙེད་ནས། དེ་བེད་སྤྱད་ནས་ཁ་པར་བྱང་བུ་གསར་པ་ཞིག་ཉོས་ཡོད་པ་དང། རྒྱ་གར་ལག་ནའོ་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་རྒྱ་གར་བ་ཨ་ཌེ་ཤན་ཀར་ཤྲི་ཝསེ་ཊྱར་ཁ་པར་ཨང་གྲངས་༩༨༠༥༡༦༣༤༣༨ ལས་ཁ་པར་ཐེངས་ཁ་ཤས་འབྱོར་ཡོད་པ་དང། ཁོང་གི་བཅོལ་དངུལ་བྱེད་ཡུལ་གྱི་དངུལ་ཁང་གི་ཡན་ལག་དངུལ་ཁང་ཞིག་གི་ལས་བྱེད་ཡིན་པར་བརྗོད་ནས། དངུལ་ཁང་གི་ཨང་གྲངས་སོགས་བླངས་ཡོད་འདུག རྗེས་སུ་ཁོང་གི་དངུལ་ཁང་ལས་ཧིན་སྒོར་སྟོང་ཕྲག་༥༦ མེད་པ་ཆགས་པས། ཁོང་གིས་ལག་ནའོ་ཉེན་རྟོག་ཁང་དུ་ཞུ་གཏུག་བྱས་པ་དང། ཉེན་རྟོག་རུ་ཁག་ཅིག་གིས་ཏར་ཕྲིན་ལས་ཁུངས་ལས་ཁ་པར་ཨང་གྲངས་དེ་གང་ནས་ཡིན་པ་དང་སུའི་ཡིན་པ་རྩད་གཅོད་བྱས་པའི་ཁྲོད། དྷ་སར་ཡོད་པའི་བོད་མི་ཚེ་རིང་སྟོབས་རྒྱལ་གྱི་ཁ་བྱང་ཐོག་ཡོད་པས། ཁོང་ལ་ནག་ཉེས་ཀྱི་བརྡ་ལན་སྤྲད་འདུག
བརྡ་ལན་དང་པོ་དེ་ལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་ཡིག་ལན་སྤྲད་ཡོད་པ་དང། ཟླ་༤ པའི་ཚེས་༢༩ ཉིན་བརྡ་ལན་གཉིས་པ་འབྱོར་ནས་ཟླ་༥ པའི་ཚེས་༡༥ སྔོན་ངེས་པར་དུ་ལག་ནའོ་ཉེན་རྟོག་ཁང་དུ་ངོ་སྐྱོད་བྱེད་དགོས་སྐོར་འཁོད་ཡོད་པ་རེད། ཁྲིམས་ལུགས་ཚོགས་པའི་ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་དང་ལས་བྱེད་བྱམས་པ་དགྲ་འདུལ་གཉིས་ཀྱིས་ཚེ་རིང་སྟོབས་རྒྱལ་རོགས་པ་བྱས་ནས། ཟླ་འདིའི་ཚེས་༡༣ཉིན་ལག་ནའོ་ཉེན་རྟོག་ཁང་གི་གནས་ཚུལ་དེའི་སྐོར་ཞིབ་དཔྱོད་བྱེད་མཁན་ཉེན་རྟོག་པ་ཤྲི་རམ་སར་ཕྱིན་ཡོད་པ་དང། ཁོང་ཚོའི་དབར་ཡིག་ཆ་བརྗེ་ལེན་དང་སྐད་ཆ་བྱས་པ་བརྒྱུད། བོད་མི་ཚེ་རིང་སྟོབས་རྒྱལ་ནི་ཉེས་མེད་ཡིན་པ་དང། གནས་ཚུལ་དེ་ནི་མི་གཞན་ཞིག་གི་ཁོང་གི་ལག་ཁྱེར་ངོ་བཤུས་བེད་སྤྱོད་བཏང་ནས་དྲ་ལམ་བརྒྱུད་ནག་ཉེས་བྱས་པ་ར་འཕྲོད་བྱུད་ཡོད་པ་རེད། ནག་ཉེས་གསོག་མཁན་ངོ་མ་དེ་འཇུ་བཟུང་བྱེད་པར་དཀའ་ལས་ཁག་པོ་ཡོད་འདུག་པས། ཉེན་རྟོག་ཁང་ནས་ཁོང་ལ་ངོ་སྐྱོད་ཀྱི་བརྡ་ལན་འབྱོར་ཕྲལ་འགྲོ་དགོས་པ་ཡིན་འདུག
ད་ལྟའི་ཆར་ཁོང་ལ་ནག་ཉེས་མེད་པ་ར་འཕྲོད་བྱུང་ཡོད་པས།སྔར་ལྟར་རང་ཉིད་ཀྱི་ལས་ལ་འཇུག་བཞིན་ཡོད་འདུག གསར་འགོད་པས་ཁོང་ལ་ཁ་པར་བཏང་ནས་ཁོང་གི་མིང་དང་ལས་གནས་སོགས་ལ་གནས་ཚུལ་ནང་བཀོད་ན་འགྲིག་གི་ཡོད་མེད་དྲིས་པར། ཁོང་གིས་རང་ཉིད་ལ་ནག་ཉེས་མེད་པས། དེ་དག་བཀོད་ན་འགྲིག་གི་ཡོད་པ་མ་ཟད། བོད་མི་ཚོ་ལ་ཡང་གནས་ཚུལ་དེ་འདྲའི་སྐོར་གོ་རྟོགས་བྱུང་བར་ཕན་ཐོགས་ཀྱི་ཡིན་སྐོར་བརྗོད་སོང།
བོད་མིའི་ཁྲིམས་ལུགས་རིགས་པ་བའི་འགན་འཛིན་བློ་བཟང་གྲགས་པ་དང་ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་གཉིས་ཀྱིས། བཙན་བྱོལ་བོད་མི་ཚོ་ལ་རང་ཉིད་ཀྱི་ངོས་འཛིན་ཡིག་ཆ་རྣམས་ལ་སྣང་མེད་མི་བྱེད་པར་བདག་གཅེས་བྱེད་དགོས་པ། དེ་བཞིན་ཡིག་ཆ་དེ་དག་བོར་བརླག་སོང་ཚེ། ངེས་པར་དུ་ཉེན་རྟོག་ཁང་དུ་དེའི་སྐོར་བརྡ་ལན་FIR སྤྲོད་རྒྱུ་གལ་ཆེན་ཡིན་པ་དང། གལ་ཏེ་དེ་ལྟར་མ་བྱས་ཚེ། མ་འོངས་པར་གནས་ཚུལ་དེའི་རིགས་ལྷག་སྲིད་སྐོར་འགྲེལ་བརྗོད་བྱས་སོང།
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དེ་སྔོན་ནས། རང་ཉིད་ལ་ཁ་པར་འབྱོར་ནས་དངུལ་ཁང་གི་ལས་བྱེད་ཡིན་ཚུལ་བརྗོད་ནས་དངུལ་ཁང་ཨང་གྲངས་སོགས་བླངས་ནས་དངུལ་འབོར་ཆེན་གྱོང་གུན་བྱུང་མཁན་དང། དེ་བཞིན་དངུལ་ཁང་གི་དེབ་དང་དངུལ་འདོན་ལག་ཁྱེར་སོགས་མི་གཞན་ལ་གཡར་བས། དེ་དག་བེད་སྤྱོད་ལོག་པ་བཏང་ནས། རང་ཉིད་ལ་བཙོན་འཇུག་དང་ཆད་པ་ཕོག་པའི་གནས་ཚུལ་མི་ཉུང་བ་ཞིག་བྱུང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།