ལམ་འབྲས་ཚིག་མཛོད་ཆེན་མོའི་དབུ་འབྱེད་མཛད་སྒོ།
འདི་གར་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ནས་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་༢༠༢༤ ལོའི་ཟླ་༡༢ ཚེས་༡༣་ཉིན་གྱི་ཞོགས་པའི་ཆུ་༩ དང་ཕྱེད་ཀའི་ཐོག་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་སྐབས་སོ་གསུམ་པ་འཚོག་བཞིན་པ་དང་འབྲེལ། སྟོན་པ་ཐུབ་པའི་དབང་པོའི་འཁྲུངས་གནས་བཀྲ་ཤིས་ལུམྦིའི་ཚལ་དུ། ལམ་འབྲས་ཚིག་མཛོད་ཆེན་མོ་གླེགས་བམ་དང་མཉེན་ཆས་གཉིས་ཀའི་ལམ་ནས་དབུ་འབྱེད་མཛད་སྒོའི་ཐོག ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཚོགས་མགོན་དུ་ཆེད་ཕེབས་ཀྱིས་རྟེན་མཆོག་སྤྱན་སྔར་སྣང་གསལ་སྒྲོན་མེ་ཞལ་དབྱེ་གནང་སྟེ་མཛད་སྒོ་དབུ་འཛུགས་ཞུས་ཤིང་། མཛད་སྒོའི་ཐོག་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག ངོར་ཐར་རྩེ་མཁན་རིན་པོ་ཆེ། ཚར་པའི་ཁྲི་པ་རྣམ་གཉིས། སྡེ་གཞུང་རིན་པོ་ཆེ། རྒྱལ་ཡུམ་ཆེན་མོ། དམིགས་བསལ་གདན་ཞུའི་སྐུ་མགྲོན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་བཅས་མཉམ་ཞུགས་གནང་ཡོད། ལམ་འབྲས་ཚིག་མཛོད་ཆེན་མོ་ནི། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དགོངས་གཞི་བཞིན། དབུས་དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཐེབས་རྩ་ཁང་གི་ཤེས་ཡོན་ལས་འཆར་གྱི་ཆ་ཤས་སུ། ས་སྐྱ་རྩོམ་སྒྲིག་ཁང་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་ཐོག་ཞུ་བསྒྲིགས་དང་འགྲེམས་སྤེལ་བྱས་པ་ཞིག་ཡིན།
ཐོག་མར་དབུས་དཔལ་ས་སྐྱའི་སྨོན་ལམ་རྒྱུན་ལས་སྐབས་བཞི་པའི་ཚོགས་གཞོན་མཁན་པོ་ཨ་འཕྲིན་མཆོག་གིས་བྱོན་པ་ལེགས་གསོལ་དང་འབྲེལ་ས་སྐྱ་སྨོན་ལམ་ཚོགས་པ་ངོ་སྤྲོད་དང་། སྨོན་ལམ་ཐེབས་རྩ་ཁང་གི་ཤེས་ཡོན་ལས་འཆར་དང་འབྲེལ་བའི་སྐོར་གསུང་བཤད་གནང་བ་དང་། ས་སྐྱ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྒན་ཀུན་འདུས་ལགས་ཀྱིས་ལམ་འབྲས་ཚིག་མཛོད་ཆེན་མོ་ངོ་སྤྲོད་དང་། ཇི་ལྟར་རྩོམ་སྒྲིག་བྱས་ཚུལ་གསུང་བཤད་གནང་། དམིགས་བསལ་གདན་ཞུས་ཀྱི་སྐུ་མགྲོན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་མཛད་སྒོ་འདིར་གནང་བའི་གསུང་འཕྲིན་སྒྲོག་སྦྱོང་དང་འབྲེལ། སྨོན་ལམ་ཚིག་མཛོད་ཆེན་མོ་དང་ལམ་འབྲས་ཚིག་མཛོད་ཆེན་མོའི་འབྲེལ་བའི་སྐོར་གསུང་བཤད་གནང་། སྐུ་མགྲོན་གཙོ་བོ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ལམ་འབྲས་ཚིག་མཛོད་ཆེན་མོ་སྲོལ་རྒྱུན་གྱི་གླེགས་བམ་དང་། དེང་རབས་ཀྱི་མཉེན་ཆས་གཉིས་ཀ་ཞལ་དབྱེ་དང་འབྲེལ་ཚོགས་ཡོངས་ལ་བཀའ་སློབ་སྩལ།
༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དབུ་ཁྲིད་པའི<<སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་།>> གིས་འཕྲུལ་ལས་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་དང་། ཆོས་རིག་ལ་སྲི་ཞུ་རླབས་ཆེན་གནང་བར་ལེགས་སོའི་གཟེངས་བསྟོད་ཀྱི་བཀའ་ཤོག་ཅིག་ཀྱང་སྩལ་གནང་མཛད་སོང་། དེ་རྗེས་དབུས་དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཐེབས་རྩ་ཁང་གིས་ས་སྐྱའི་རྩོམ་སྒྲིག་ཁང་གི་ལས་བྱེད་པ་བློ་གསལ་དོན་གྲུབ་དང་། ཀུན་འདུས། ཨ་འདུས་སྐལ་བཟང་རྒྱ་མཚོ་བཅས་ལ་༧གོང་མ་རིན་པོ་ཆེའི་ཕྱག་ནས་ཐུབ་སྐུ་རེ་གསོལ་རས་སྩལ། མཇུག་ཏུ་མཛད་སྒོའི་མདོ་འཛིན་པ་ཨ་འདུས་སྐལ་བཟང་རྒྱ་མཚོས་དབུས་སྨོན་ལམ་ཐེབས་རྩ་ཁང་དང་། ས་སྐྱ་རྩོམ་སྒྲིག་ཁང་གི་ཚབ་བྱས་ཏེ་ལམ་འབྲས་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་བརྒྱུད་རིམ་ཁྲོད་ཧ་ཅང་བཀའ་དྲིན་ཆེ་བའི་མི་སྣ་ཁག་ཅིག་ལ་ཐུགས་རྗེ་ཆེའི་གཏམ་བཤད་དང་། དེ་རྗེས་འདུས་ཚོགས་ཡོངས་ཀྱིས་ལམ་འབྲས་སྨོན་ལམ་གསུངས་ཏེ་བཀྲ་ཤིས་པའི་ངང་མཛད་སྒོ་མཇུག་གྲུབ་པར་བྱས་ཡོད་པ་བཅས་འཁོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།