ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུ་འགོ་བཙུགས་འདུག
ལྷོ་ཀོ་རི་ཡའི་ནང་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་དང་། སྡོད་ཁང་གི་རིན་གོང་འཕར་བཞིན་པ། དབུལ་ཕྱུག་གི་ཁྱད་པར་ཆེ་རུ་འགྲོ་བཞིན་པ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་ཏོག་ནད་ཀྱི་གྲངས་ཚད་འཕར་བཞིན་པ་སོགས་ཀྱི་ཁྲོད་དུ། སྲིད་འཛིན་གྱི་འོས་བསྡུ་དེ་དངོས་སུ་འགོ་བཙུགས་འདུག
ཟླ་འདིའི་ཚེ་༩ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུ་འགོ་བཙུགས་ཡོད་ཅིང་ད་ལྟའི་ཆར་འོས་བསྡུ་དེ་ནི་འདས་པའི་ལོ་ངོ་༢༠ ཡི་ནང་དུ་མང་གཙོ་སྲིད་དོན་ཚོགས་པ་དང་ཕྱོགས་འགལ་སྲིད་དོན་ཚོགས་པ་གཙོ་བོ་རྙིང་ཞེན་གྱི་ལངས་ཕྱོགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་གཉིས་བར་གྱི་འགྲན་རྩོད་ཆེ་ཤོས་ཞིག་ཏུ་འགྱུར་ཡོད་འདུག
དཔྱད་བརྗོད་པ་ཚོས་སྲིད་དོན་པ་ཕྱོགས་གཉིས་ཀའི་ངོས་ནས་ད་ལྟའི་ཆར་ལྷོ་ཀོ་རི་ཡ་ནང་སྡོད་ཁང་གི་རིན་གོང་འཕར་བཞིན་པ་དང་། དབུལ་ཕྱུག་གི་ཁྱད་པར་ཆེ་རུ་འགྲོ་བཞིན་པ། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆེའི་ཉེན་ཁ་བཅས་ཀྱི་དཀའ་ངལ་སེལ་ཐབས་ཐད་ལ་ཐབས་ཇུས་གསལ་པོ་ཞིག་བསྟན་མེད་བརྗོད་པ་དང་། འོས་འཕེན་མཁན་གྱི་ཁོངས་སུ་ཡང་ཚོགས་པ་དེ་གཉིས་ཀྱི་ཨ་རི་དང་རྒྱ་ནག་བར་གྱི་རྩོད་རྙོག་ཁྲོད་ཕྱི་འབྲེལ་གང་འདྲ་བྱེད་འཆར་ཡོད་མེད་ཀྱི་སྐོར་ལ་ཐབས་ཇུས་གང་འདྲ་ཡིན་མིན་ཐད་ལ་དོགས་འཆར་ཡོད་མཁན་ཡང་མང་པོ་ཡོད་པ་རེད་འདུག
ལྷོ་ཀོ་རི་ཡའི་འཕྲོད་བསྟེན་ལྷན་ཁང་ནས་སྙན་ཐོ་ཞིག་བཏོན་པའི་ནང་རེས་གཟའ་ལྷག་པའི་འོས་བསྡུའི་ཉིན་མི་གྲངས་འབུམ་༣༤༢༤༤༦ ལ་ཏོག་ནད་ཕོག་ཡོད་པས། ཏོག་ནད་ཕོག་མཁན་གྱི་ནད་པ་རྣམས་ལ་སྨན་ཁང་གི་ཟུར་ཁང་ཞིག་ནང་དགོང་མོ་འོས་བླུག་རྒྱུའི་གོ་སྐབས་སྤྲད་འཆར་འདུག་ལ། འོས་བསྡུ་ལས་ཁུངས་ནས་ཏོག་ནད་ཀྱི་རྐྱེན་གྱིས་འོས་བསྡུ་དེ་རིང་བར་དུས་འགྱངས་བྱེད་དགོས་བྱུང་བ་དང་། ད་ཐེངས་ཀྱི་འོས་གྲངས་ཀ་རྒྱག་རྒྱུར་ཡང་སྔོན་ལས་དུས་ཚོད་མང་བ་འགོར་སྲིད་སྐོོར་བརྗོད་འདུག
ཇོང་ཨོན་ཡུང་ཟེར་བ་ལོ་ན་༤༨ ཡིན་པའི་ཡུལ་དེའི་བུད་མེད་ཅིག་གིས་“ངའི་ཉེ་འགྲམ་ལ་ཡོད་མཁན་མི་སུ་ཞིག་གིས་འོས་མི་ལཱི་ཇེ་མཱི་ཡུང་དང་ཡུན་སུག་ཡེལ་གཉིས་ལ་འོས་འཕེན་རྒྱུར་དགའ་མོས་བྱེད་ཀྱི་མི་འདུག ང་ཚོ་ལ་དགོས་པའི་འགོ་ཁྲིད་ནི་མི་མང་དབུལ་ཕོངས་སྡེ་ཚན་གྱི་འཚོ་བ་ཡར་རྒྱས་གཏོང་ཐུབ་མཁན་ཞིག་དགོས་ཀྱི་འདུག་’’ཅེས་བརྗོད་འདུག
ཐེངས་འདིར་འོས་མི་མི་༡༤ ཡོད་པ་དང་ལྷོ་ཀོ་རི་ཡའི་རྩ་ཁྲིམས་ལྟར་ན་སྲིད་འཛིན་གྱི་ལས་ཡུན་ལོ་ངོ་༥ དང་། སྐབས་གཅིག་ལས་བསྐྱར་དུ་འོས་མིར་ལངས་ཆོག་གི་མེད་པ་རེད།།
གསར་འགོད་པ་བདེ་སྒྲོན།