ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ལ་གདོང་ལེན་ཆེད་དུ་ཨ་རི་དང་ཧྥི་ལི་ཕིན་གཉིས་ཀྱི་གྲོས་མོལ།

ད་ཆར་རྒྱ་ནག་གི་སྟོབས་འབྱོར་ཇེ་ཆེར་འགྱུར་བཞིན་པའི་སྐབས་སུ་ཉེ་འཁོར་དུ་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་དང་ལྷན་དུ་ས་མཚམས་དང་མཚོ་ཁུལ། དེ་བཞིན་མངའ་ཁུལ་གྱི་བདག་དབང་སོགས་ཀྱི་རྩོད་རྙོག་དུ་མ་ཡོང་བཞིན་ཡོད་པ་བཞིན། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བདག་དབང་གི་རྩོད་ལེན་གྱིས་རྐྱེན་པས་རྒྱ་ནག་དང་ཧྥི་ལི་ཕིན་གཉིས་བར་རྩོད་རྙོག་ཡང་ཡང་ཡོང་གི་ཡོད་པར་བརྟེན། མངའ་ཁུལ་དེའི་ནང་ཞི་འཇམ་ཡོང་ཐབས་ཆེད་ཨ་རི་དང་ཧྥི་ལི་ཕིན་གཉིས་བར་གྲོས་མོལ་བྱས་ཡོད་འདུག
ཕྱི་ཚེས་ ༡༩ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)ཧྥི་ལི་ཕིན་ནང་འབྱོར་ཡོད་འདུག་པ་དང་། ཨ་རིའི་གཞུང་གི་ལས་བྱེད་གཅིག་གིས་ཕྱི་སྲིད་དྲུང་ཆེ་ཡིས་ཚོང་འབྲེལ་དང་བདེ་འཇགས་སྲུང་སྐྱོབ་སྐོར་ཧྥི་ལི་ཕིན་དང་ལྷན་དུ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། འདས་པའི་ཟླ་ཤས་ནང་རྒྱ་ནག་དང་ཧྥི་ལི་ཕིན་བར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་རྩོད་རྙོག་བྱུང་ཡོད་པར་བརྟེན། ཐེངས་འདིའི་གྲོས་མོལ་སྐབས་སུ་ཨ་རིའི་ངོས་ནས་ཧྥི་ལི་ཕིན་གྱི་ད་ལྟའི་སྲིད་འཛིན་(Ferdinand Marcos Jr)ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཡོང་བ་དང་། སྲིད་འཛིན་ཁོང་ནི་ཨ་རི་ལ་དགའ་ཞེན་ཡོད་མཁན་ཡིན་པ་ལས། དེ་སྔོན་གྱི་སྲིད་འཛིན་(Rodrigo Duterte)ཟེར་བ་དང་འདྲ་བ་རྒྱ་ནག་ཕྱོགས་སུ་འགྲོ་མཁན་ཞིག་མ་རེད་ཅེས་བརྗོད་འདུག ཧྥི་ལི་ཕིན་རྒྱལ་ཁབ་ལྟ་བུར་མཚོན་ན་ལོ་སྔོན་མའི་ནང་ལྷོ་ཤར་ཨེ་ཤེ་ཡའི་མངལ་ཁུལ་དུ་ཡོད་པའི་རྒྱལ་ཁབ་ཁྲོད་ནས་དཔལ་འབྱོར་ཡར་རྒྱས་མགྱོགས་ཤོས་འགྲོ་མཁན་དེ་ཡིན་འདུག་ཀྱང་། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཆབ་སྲིད་ཁྲོད་ཕྱོགས་རིས་འཐེན་འཁྱེར་དང་འདྲ་བོ་ཡིན་པའི་གནད་དོན་དུ་མ་ཡོད་པའི་རྐྱེན་གྱིས་མི་མང་ཁྲོད་ལ་དབུལ་ཕྱུག་གི་དབྱེ་བ་ཆེན་པོ་ཡོད་འདུག ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་དང་། ཨ་རིའི་ཁུལ་གྱི་ཤུགས་རྐྱེན་ལ་རྒྱ་ནག་གིས་ཁ་གཏད་གཅོག་བཞིན་ཡོད་པར་བརྟེན། ཨ་རིས་དེ་ལ་གདོང་ལེན་བྱེད་ཆེད་ཧྥི་ལི་ཕིན་རྒྱལ་ཁབ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་འདུག ཧྥི་ལི་ཕིན་གྱི་མངའ་ཁུལ་འགའ་ཤས་རྒྱ་ནག་དང་ས་མཚམས་ཡིན་འདུག་པར་བརྟེན། རྒྱ་ནག་དང་ཧྥི་ལི་ཕིན་གཉིས་བར་ས་ཁུལ་བདག་དབང་ཐད་རྩོད་རྙོག་ཡང་ཡང་ཡོང་གི་ཡོད་འདུག་པ་དང་། འདས་པའི་ཟླ་ཤས་ནང་རྒྱ་ནག་དང་ཧྥི་ལི་ཕིན་གཉིས་ཀྱི་མཚོ་འགྲམ་དུ་དམག་མི་མང་དུ་བཏང་ཡོད་འདུག་པ་དང་ཕྱོགས་གཉིས་བར་དམག་འཁྲུག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག རྒྱ་ནག་གི་གྲུ་གཟིངས་ཆེ་གྲས་ཤིག་གིས་ཧྥི་ལི་ཕིན་གྱི་གྲུ་གཟིངས་གཅིག་ལ་ཆུ་གཏོར་ནས་ཕྱོགས་གཉིས་བར་རྩོད་རྙོག་ཏོག་ཙམ་ཛ་དྲག་བྱུང་ཡོད་འདུག ད་ལྟའི་གནད་དོན་གཙོ་བོ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ལ་རྒྱ་ནག་གིས་དོ་ཕོག་ཡང་ཡང་གཏོང་གི་ཡོད་འདུག་པ་དང་། མངའ་ཁུལ་དེ་ཚོང་འབྲེལ་ཆེད་དུ་གལ་ཆེན་ཆགས་ཀྱི་ཡོད་པར་བརྟེན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་མངའ་ཁུལ་དེའི་ནང་བདེ་འཇགས་ཀྱི་ཐབས་ལམ་ཆེད་དུ་གྲོས་མོལ་བྱེད་རྒྱུ་ཡིན་པ་ཨ་རིའི་གཞུང་གི་ལས་བྱེད་རྒན་གྲས་ཤིག་གིས་བརྗོད་ཡོད་འདུག ཨ་རི་དང་ཧྥི་ལི་ཕིན་གཉིས་བར་ཕྱི་ལོ་༢༠༡༤ ཙམ་ནས་བདེ་འཇགས་སྲུང་སྐྱོབ་ཆེད་དུ་དམག་དོན་གྲོས་མཐུན་མང་པོ་བཞག་ཡོད་འདུག་ལ། ཕྱི་ལོ་༢༠༢༣ ནང་ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ནང་སྔོན་གྱི་ཁ་སྣོན་ཨ་རིའི་དམག་གི་རྟེན་གཞི་༤ གསར་འཛུགས་བྱེད་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག དེ་བཞིན་རྒྱ་ནག་གིས་ཐའེ་ཝན་དེ་རྒྱ་ནག་ལས་ཁ་བྲལ་བའི་ཞིང་ཆེན་གཅིག་ཡིན་པར་བརྟེན། རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ཡིན་པར་བརྗོད་ཡོད་ཀྱང་། ཨ་རིའི་ངོས་ནས་ཐའེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་འདུག དེ་སྔོན་(Ferdinand Marcos)ཟེར་བ་ཞིག་སྲིད་འཛིན་ཆགས་རྗེས། ཁོས་ལོ་ངོ་༢༠ ཙམ་གྱི་རིང་ལ་སྲིད་དབང་སྒེར་སྤྱོད་བྱས་ནས་ཕྱི་ལོ༡༩༨༠ ཙམ་བར་བསྡད་ཡོད་འདུག་པ་དང་། དུས་ཡུན་དེའི་རིང་ཨ་སྒོར་ཐེར་འབུམ་༡༠ ཙམ་ལྐོག་ཟ་རུལ་སུངས་བྱས་ཡོད་པར་བརྗོད་འདུག ཐེངས་འདིའི་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལྟ་སྐོར་སྐབས་ཧྥི་ལི་ཕིན་གྱི་སྲིད་འཛིན་གསར་པས་ཧྥི་ལི་ཕིན་ནང་སྔར་ལས་དམངས་གཙོ་སྲ་བརྟན་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་པ་སོགས་ཀྱི་སྐོར་བརྗོད་ཡོད་འདུག་པ་དང་། སྲིད་འཛིན་གསར་པ་ཁོང་ཕྱི་ལོ་༢༠༢༢ ལོ་གསར་དུ་སྲིད་འཛིན་ལ་བདམས་ཐོན་བྱུང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
