ཤེས་རིག་བཀའ་བློན་ལགས་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་གནང་འདུག

པར་རིས་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ།

འཛིན་སྐྱོང་བཀའ་ཤག་གི་ལམ་སྟོན་ལྟར་འགན་འཛིན་ལྷན་ཚོགས་ནས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་མོས་མཐུན་བསྐོ་བཞག་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༩ ཚེས་༧ཉིན་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བརྒྱད་པ་དང་བཅུ་དྲུག་པ་གཉིས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བསྐོང་ཚོགས་གནང་འདུག་པ་དང་། སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བརྒྱད་པ་ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤཱསྟྲི་ལགས་ཀྱིས་ཚོགས་འདུ་དེའི་གཙོ་སྐྱོང་གནང་ཞིང་། སྐབས་དེར་དམིགས་བསལ་སྐུ་མགྲོན་དུ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཕེབས་ཡོད་པ་དང་།
གཞན་ཡང་སམ་བྷོ་ཊའི་བོད་སློབ་ཚོགས་པའི་ཚོགས་གཞོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། ཚོགས་མི་སྐུ་ཞབས་གྷུ་ལི་ཡ་ (S.N Gulia) ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རྡ་ས་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས། སམ་བྷོ་ཊ་བོད་སློབ་ཚོགས་པའི་ངེས་སྟོན་པ་ཚེ་རིང་དོན་གྲུབ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བསྐོ་བཞག་དང་འབྲེལ་བའི་ཁྲིམས་དོན་སློབ་སྟོན་དང་། འཛིན་སྐྱོང་བཀའ་ཤག་གི་ལམ་སྟོན་ལྟར་འགན་འཛིན་ལྷན་ཚོགས་ནས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་མོས་མཐུན་བསྐོ་བཞག་གནང་འདུག་པ་དང་།  དེ་སྔའི་ཚོགས་གཙོ་ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟྲི་ལགས་སུ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་འདུག ཚོགས་འདུའི་ཐོག་སམ་བྷོ་ཊ་བོད་སློབ་ཚོགས་པའི་འཛིན་སྐྱོང་དང་ཤེས་ཡོན་ཐད་ཀྱི་གྲོས་གཞི་ཁག་ཅིག་གི་ཐོག་གྲོས་མོལ་གནང་འདུག་པ་དང་། ཚེས་དེའི་ཉིན་མོར་སམ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་དྲུག་པ་ཡང་བསྐོང་ཚོགས་གནང་ཡོད་འདུག སྐབས་དེའི་ཚོགས་འདུའི་གཙོ་སྐྱོང་བ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་གནང་བའི་ཐོག ཚོགས་གཞོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རྡ་ས་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། སམ་བྷོ་ཊ་བོད་སློབ་ཚོགས་པའི་ངེས་སྟོན་པ་ཚེ་རིང་དོན་གྲུབ་ལགས་བཅས་མཉམ་ཞུགས་གནང་སྟེ། གྲོས་གཞི་ཁག་གི་ཐོག་བགྲོ་གླེང་ཞིབ་ཕྲ་དང་མོས་མཐུན་བཀའ་ཁྲོལ་གནང་ཡོད་འདུག
ཤེས་རིག་ལས་ཁུངས་ཀྱི་དྲྭ་བའི་ཐོག་གསལ་བ་ལྟར་ན། སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་ནི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གལ་ཆེའི་དགོས་པ་རྒྱུ་མཚན་ལ་གཟིགས་ཏེ། སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་འོག ཕྱི་ལོ་༡༩༩༩ ལོའི་ཟླ་༦ ཚེས་༡༦ ཉིན་དངོས་སུ་གསར་འཛུགས་གནང་འདུག་པ་དང་།
ད་ལྟའི་ཆར་སཾ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་གི་ཁྱབ་ཁོངས་སུ་གཏོགས་པའི་གཏན་ཉིན་སློབ་གྲྭ་ཁག་ལ་མཚོན་ན། འཛིན་རིམ་བཅུ་གཉིས་ཡོད་པའི་སློབ་གྲྭ་སྤོན་ཊ་གཏན་སློབ་དང༌། འཛིན་རིམ་བཅུ་པ་བར་ཡོད་པ་བྷུན་ཏར་གཏན་སློབ། འཛིན་རིམ་བརྒྱད་པ་བར་ཡོད་པ་སྒང་ཏོག་གཏན་སློབ། ཅོན་ཏ་ར་གཏན་སློབ། བདེ་སྐྱིད་གླིང་ཉིན་སློབ། འཛིན་རིམ་ལྔ་པ་བར་ཡོད་པ་ཤིས་ལོངས་གཏན་སློབ། སྤོག་ར་སྦོང་གཏན་སློབ། སྦིར་ཉིན་སློབ། སྤུ་རུ་ཝ་ལ་ཉིན་སློབ། མ་ན་ལི་ཉིན་སློབ། སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་ཡོད་པ་གངས་སྐྱིད་ཉིན་སློབ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་དཔེ་སྟོན་བྱེད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ད་ཆ་འཛིན་རིམ་དྲུག་པ་བར་བཅས་ཡོད་པར་འཁོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།