སཱ་རཱ་ན་ཐཱར་ལོ་རྒྱུས་ལྡན་པའི་ནང་པའི་མཆོད་རྟེན་ཞིག་ཉམས་གསོ་དང་དབུ་འབྱེད་མཛད།

ཕྱི་ཟླ་༡ པོའི་ཚེས་༢༠ དང་བོད་ཟླ་༡༢ ཚེས་༡༠ ཉིན་རི་པ་གདུང་སྲས་དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེས་ཐུགས་འགན་གཙོ་བཞེས་ཀྱིས་ཨོ་ཌི་ཤ་སྔ་འགྱུར་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་རྙིང་མ་དགེ་རྩ་ཚོགས་པ་དང་མཱ་ཧཱ་བྷོ་དྷི་ཆོས་ཚོགས་མཉམ་རུབ་ཀྱིས་སཱ་རཱ་ན་ཐཱར་བཞུགས་པའི་ནང་པའི་མཆོད་རྟེན་ཆེན་མོ་ཞིག་ཉམས་གསོ་གྲུབ་སྟེ། དབུ་འབྱེད་དང་རབ་གནས་ཀྱི་མཛད་སྒོ་ཞིག་འཚོགས་འདུག་པ་དང་། རི་བླའི་གདུང་འཛིན་བཞི་པ་༧སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེས་རབ་གནས་དང་དབུ་འབྱེད་གནང་འདུག དབུ་འབྱེད་ཀྱི་མཛད་སྒོའི་ཐོག་གདུང་སྲས་དགའ་རབ་རིན་པོ་ཆེ། གདུང་སྲས་དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེ། མཁའ་འགྲོ་ས་སྐྱོང་དབང་མོ། དེ་བཞིན་མཁན་སྤྲུལ་བླ་སློབ་དང་དད་ལྡན་སེར་སྐྱ་དུ་མ་མཉམ་ཞུགས་གནང་ཡོད་འདུག
ཉེ་ཆར་མཆོད་རྟེན་དེའི་སྐོར་སྲས་བྱང་ཆུབ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་མཆོག་ཁྱད་པར་ཅན་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་གྱི་སའི་ཆར་གཏོགས་པ། སཱ་རཱ་ན་ཐཱར་བཞུགས་པའི་ཆོས་ཀྱི་དྲི་གཙང་ཁང་ངམ་མཆོད་རྟེན་ཆེན་མོ་འདི་ནི་སིངྒ་ལའི་ཡུལ་མི་བདག་ཉིད་ཆེན་པོ་ཨ་ན་གཱ་རི་ཀ་དྷརྨ་པཱ་ལ་(༡༨༦༤ – ༡༩༣༣) མཆོག་གིས་ཕྱི་ལོ་ ༡༩༣༡ལོར་གསར་དུ་བཞེངས་པ་དང༌།

རྟེན་གཙོ་བོ་སངས་རྒྱས་ཀྱི་རིང་བསྲེལ་དང་གྱང་ངོས་སུ་ཉི་ཧོང་གི་ལྷ་བྲིས་མཁས་ཅན་པས་བྲིས་པའི་སྟོན་པའི་མཛད་རྣམ་སོགས་བཞུགས་པ་ཤིན་ཏུ་རྩ་ཆེ་ཞིང་ལོ་རྒྱུས་ལྡན་པའི་རྟེན་མཆོག་མཆོད་སྡོང་ཆེན་མོ་འདི་མི་ལོ་བརྒྱ་ཕྲག་སོང་སྟེ། ད་ལྟའི་ཆར་ཉམས་གསོའི་དུས་ལ་བབ་པར། ལས་གཞིའི་འགྲོ་གྲོན་མཐའ་དག་རི་པ་གདུང་སྲས་དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེས་ཐུགས་འགན་གཙོ་བཞེས་ཀྱིས་ཨོ་ཌི་ཤ་སྔ་འགྱུར་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་རྙིང་མ་དགེ་རྩ་ཚོགས་པ་དང་མཱ་ཧཱ་བྷོ་དྷི་ཆོས་ཚོགས་མཉམ་རུབས་འགན་ཁུར་ལེགས་གྲུབ་ཟིན་པར། དྲན་རྟེན་གྱི་ཚུལ་དུ་ཨོ་ཌི་ཤའི་རྡོ་བཟོ་མཁས་ཅན་པདྨ་ཤྲཱི་རྟགས་མ་ཐོབ་མཆན་ཤྲཱི་པྲབར་ཀར་མ་ཧཱ་རཱ་ཎས་བཞེངས་པའི། མོརྱ་རྒྱལ་རབས་(C 268-232 BCE) ཀྱི་དུས་སུ་བྱོན་པའི་ཆོས་རྒྱལ་ཆེན་པོ་མྱ་ངན་མེད་འདྲ་སྐུ་དང་བཅས་པ། སྤྱི་ལོ ༢༠༢༤ ཕྱི་ཟླ ༡ ཚེས་ ༢༠ ཉིན་རི་བླའི་གདུང་འཛིན་བཞི་པ་༧ སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་ནས། མཁན་སྤྲུལ་བླ་སློབ་དང་ཧི་མ་ལ་ཡའི་རི་རྒྱུད་གཙོ་བོ་གྱུར་པའི་རྒྱལ་ཕྱི་ནང་གི་དད་ལྡན་འདུས་མང་ལྷན་འཛོམས་ཐོག་སྒོ་དབྱེ་རབ་གནས་གནང་རྒྱུ་ཡིན་པར་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ལམ་བཟང་།