སྐར་རྟགས་ཅན་གྱི་དྲི་བ་ལ་སྲིད་སྐྱོང་གི་ལན་འདེབས།
གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་སློབ་སྟོན་པས་ད་ལྟ་རྒྱ་ནག་དང་མཉམ་དུ་མིང་དོན་མཚུངས་པའི་འབྲེལ་བ་ཞིག་དང་། ཞི་མོལ་ཞིག་དང་ཞི་འགྲིགས་ཤིག་ཡོང་རྒྱུའི་རེ་བ་རྩ་བ་ནས་མི་འདུག་བསམ་གྱི་འདུག་སོགས་བརྗོད་པའི་བཀའ་མོལ་དང་འབྲེལ་སྐར་རྟགས་ཅན་གྱི་དྲི་བ་ཞིག་ལ་སྲིད་སྐྱོང་གིས་ལན་འདེབས་གནང་སོང་།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༣ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་༤ པའི་ཐོག སྤྱི་འཐུས་ཟླ་བ་ཚེ་རིང་གིས་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་སློབ་སྟོན་པ་ཞིག་ནས་བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཅེས་པ་ཞིག་ལ་གསུང་བཤད་གནང་བའི་ནང་། ད་ལྟ་རྒྱ་ནག་དམར་པོའི་སྲིད་གཞུང་མཁྲེགས་འཛིན་ཅན་དེའི་མཉམ་དུ་མིང་དང་དོན་མཚུངས་པའི་འབྲེལ་བ་ཞིག་དང་ཞི་མོལ་ཞིག་དང་ཞི་འགྲིགས་ཤིག་ཡོང་རྒྱུའི་རེ་བ་རྩ་བ་ནས་མི་འདུག་བསམ་གྱི་འདུག ང་ཚོའི་ཕྱོགས་ནས་ད་ལྟའི་སྲིད་གཞུང་དེའི་མཉམ་དུ་གནད་དོན་དེ་འདྲ་ཞིག་ཡོང་རྒྱུ་ལ་རེ་བ་དེ་དོར་དགོས་ཀྱི་འདུག་ཅེས་དང་། དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཞག་སའི་གནས་བབ་དེ་རྒྱ་ནག་གུང་གྲན་༼ཁྲན༽ ཏང་གི་སྲིད་གཞུང་དེའི་དབང་སྒྱུར་དེ་མུ་མཐུད་དེ་གནས་ཀྱི་ཡོད་པ་ལ་གཞི་བཞག་ནས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཟིན་པ་རེད། གནས་བབ་གཞན་གྱི་ཐོག་ལ་ང་ཚོར་སྲིད་བྱུས་གང་ཡང་ཡོད་མ་རེད། གྲ་སྒྲིག་གང་ཡང་ཡོད་མ་རེད། དངོས་ཡོད་གནས་ཚུལ་ཐོག་ལ་བལྟས་པ་ཡིན་ན། རྒྱ་ནག་ནང་ལ་ཡིན་པ་ཡིན་ན་ཡང་འགྱུར་འགྲོ་བཞིན་པ་དང་། མ་འོངས་པར་འགྲོ་སྲིད་པ་ཡིན་པ་དེ་གསལ་པོ་རེད། ང་ཚོ་ལ་གྲ་སྒྲིག་དང་འཆར་གཞི་གང་ཡང་མེད་པ་འདྲ་པོ་མཐོང་གི་འདུག་ཅེས་གསུངས་པའི་ཐད། སྤྱི་འཐུས་མཆོག་གིས་གོང་གསལ་གསུང་བཤད་དེར་བཀའ་ཤག་ནས་ཐུགས་སྣང་བྱུང་ཡོད་དང་མེད། གལ་ཏེ་བྱུང་ཡོད་ཚེ་དགོངས་ཚུལ་ཇི་ཡོད་ཅེས་དྲིས་པར། སྲིད་སྐྱོང་གིས་སྲིད་སྐྱོང་ལ་བཏང་མཁན་བྱུང་ཡང་སྒེར་གྱི་དགོངས་ཚུལ་ཡིན་ཙང་བསམ་ཚུལ་གང་ཡང་མ་བྱུང་ཞེས་ལན་གནང་སོང་། དེ་བཞིན་སློབ་སྟོན་པས་གོང་དུ་གསུངས་པའི་གནད་དོན་དེ་དག་གཏན་འཇགས་ཐབས་བྱུས་ཚོགས་འདུའི་སྐབས་ལམ་སྟོན་གནང་བ་བྱུང་ཡོད་དང་མེད་ཅེས་དྲིས་པར། སྲིད་སྐྱོང་གིས་དོ་བདག་སྒེར་གྱིས་མཉམ་ཞུགས་གནང་བར་ལམ་སྟོན་ཡང་ཞུ་དགོས་དོན་མེད་ཅེས་ལན་གནང་སོང་།
དེ་བཞིན་བཀའ་ཤག་དང་ཚོགས་ཆུང་གི་སློབ་སྟོན་པས་གསུངས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཟིན་དགོས་པའི་རྒྱུ་མཚན་དག་གཅིག་འགྱུར་ཡིན་ནམ། ཡང་ན་ཐ་དད་ཡིན་མིན་གསལ་བཤད་ཡོང་བ་ཞེས་དྲིས་པར། སྲིད་སྐྱོང་གིས་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་དགོས་པའི་རྒྱུ་མཚན་རྣམས་ད་བར་ཡོངས་གྲགས་ཐོག་ཡིག་ངག་གཉིས་ནས་གསལ་བཤད་བྱས་ཟིན་པ་ཡིན་ཞིང་། བཀའ་ཤག་གི་ལངས་ཕྱོགས་དང་མ་མཐུན་པའི་རིགས་དྲི་བ་ནང་ནས་ཁ་གསལ་ཡིན་པ་མོས་མཐུན་མེད་ཅེས་ལན་གནང་སོང་།
སློབ་སྟོན་པའི་གསུངས་མོལ་དེས་མང་ཚོགས་མགོ་བོ་རྨོངས་གཞིར་མི་འགྱུར་རམ་ཞེས་དྲིས་པར། སྲིད་སྐྱོང་གིས་མང་ཚོགས་ཀྱིས་བཀའ་ཤག་གི་གང་བཤད་པ་དེ་དག་ལའང་ཐུགས་སྣང་གནང་ན་མགོ་བོ་རྨོངས་དགོས་པའི་གནས་སྟངས་མེད་པ་ཡིན་བཅས་ལན་འདེབས་གནང་སོང་།
སྲིད་སྐྱོང་གི་སྐར་རྟགས་ཅན་གྱི་དྲི་བ་ཨང་༢ པའི་བཀའ་ལན་ལས་འཕྲོས་ཏེ། འཕྲོས་དོན་དྲི་བའི་སྐབས་སུ། སྤྱི་འཐུས་ཀརྨ་དགེ་ལེགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དེ་དབུ་མའི་ལམ་ཆགས་ཀྱི་ཡོད་པ་དང་། ཞི་འགྲིགས་ཤིག་ཡོང་རྒྱུའི་རེ་བ་རྩ་བ་ནས་མི་འདུག་བསམ་གྱི་འདུག་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མ་མཐུན་པ་གསུང་མཁན་ཞིག་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པར་བཞག་ན་འགྲིག་མིན་དྲིས་པར། སྲིད་སྐྱོང་གིས་སློབ་སྟོན་ཚོགས་ཆུང་གི་ནང་བསམ་བློ་མཐུན་པ་དང་མ་མཐུན་པ་སོགས་བསམ་བློ་མ་འདྲ་བ་དགོས་རྒྱུ་གལ་ཆེན་ཡིན་པ་དང་། དགོངས་ཚུལ་འདྲ་མིན་གྱི་དགེ་དང་སྐྱོན་ཚང་མ་ཉན་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། གལ་སྲིད་གོང་གསལ་བཀའ་མོལ་ལ་བརྟེན། འབྲེལ་ཡོད་ཁོང་སློབ་སྟོན་ཚོགས་ཆུང་ནས་མར་འདོན་གྱི་རེད་དམ་མ་རེད་ཅེས་དྲིས་ན། འདོན་གྱི་མིན། མུ་མཐུད་ཉར་གྱི་ཡིན་ཞེས་ལན་འདེབས་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།