སྲིད་དབང་སྒེར་གཅོད་པ་སུ་རེད།
ད་ལྟའི་དུས་འདིར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་སྲིད་དབང་སྒེར་གཅོད་ལམ་ལུགས་སམ། སྲིད་དབང་སྒེར་འཛིན་ལམ་ལུགས་བསྐྱར་དུ་དར་བཞིན་ཡོད། དཔེར་ན་རྒྱ་ནག་གི་ཞི་ཅིན་ཕིང་མི་གཅིག་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་། སྲིད་གཞུང་། དམག་དཔུང་བཅས་ཀྱི་དབང་ཆ་བཟུང་ཡོད་པ་མ་ཟད། མ་ཤིའི་བར་སྲིད་དབང་འཛིན་ཆོག་པ་བཟོས་ནས། ཁོ་རང་དང་བསམ་ཚུལ་མི་མཐུན་པ་ཚང་མ་ཁག་འདོགས་སྣ་ཚོགས་ཀྱིས་རྩ་མེད་གཏོང་བཞིན་ཡོད། དེ་བཞིན་རཱ་ཤི་ཡའི་པུ་ཊིན་ལ་མཚོན་ནའང་མི་གཅིག་གིས་དབང་ཆ་རྒྱུན་འཛིན་བྱས་ནས། ཁོ་རང་དང་འདོད་པ་མི་མཐུན་པ་རྣམས་རྩ་མེད་བཟོ་བཞིན་ཡོད། བྱང་ཀོ་རི་ཡའི་ཀིམ་ཇོང་ཨིན་ཡང་སྲིད་དབང་སྒེར་འཛིན་བྱེད་མཁན་གོང་གསལ་གཉིས་དང་འདྲ་ཡང་། མི་འདྲ་བ་ནི་ཁོ་རྒྱལ་ཁབ་དེའི་སྲིད་དབང་ཆེ་ཤོས་ཕ་ཤུལ་བུ་འཛིན་གྱིས་མི་རབས་ཁ་ཤས་བརྒྱུད་ཡོང་བ་ཞིག་ཀྱང་རེད། དེ་བཞིན་ཁོང་རྣམས་ཀྱི་མཐུན་ཕྱོགས་ཕལ་ཆེ་བ་སྲིད་དབང་སྒེར་གཅོད་པ་ཡིན་ཞིང་། དེ་དག་ལ་མིག་དཔེ་ལྟ་མཁན་ཡང་མི་ཉུང་བ་ཞིག་ཡོད། མང་གཙོའི་སྤྱི་ཚོགས་ཆེ་ཤོས་རྒྱ་གར་དང་། ཨ་རི་སོགས་ལ་མཚོན་ནའང་རྒྱལ་ཁབ་ལས་རང་ཉིད་ཀྱི་སྲིད་དོན་ཚོགས་པ་གལ་ཆེར་འཛིན་པ་དང་། ཁ་གཏད་ཚོགས་པའི་ནུས་ཤུགས་ཆེ་ཤོས་ཀྱི་མི་སྣ་རྣམས་ལ་ཉེས་མིང་སྣ་ཚོགས་ཀྱི་འོག་ནས་མགོ་འགྱོགས་ཐབས་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་མཁན་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་འདི། དོན་དམ་པའི་འདྲ་མཉམ་དང་མི་མང་གི་རང་དབང་ཆེད་མིན་པར། རང་ཉིད་ཀྱི་སྲིད་དོན་ཚོགས་པས་རྒྱུན་རིང་རྒྱལ་ཁབ་ཀྱི་དབང་ཆ་འཛིན་ཐུབ་པའི་ཆེད་དུ་དམིགས་ཡོད། ཁ་གཏད་ཚོགས་པའི་མི་སྣ་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་གཡོག་གི་ཡོད་ཀྱང་། རང་ཉིད་ཀྱི་ཚོགས་པའི་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་མང་པོ་ཡོད་པ་མ་ཟད། ཐ་ན་ཁ་གཏད་གཅོག་མཁན་གཙོ་བོ་ལྐོག་ཟ་རུལ་སུངས་བྱེད་མཁན་ཡིན་ཡང་དབང་ཆ་ཡོད་པའི་སྐབས། རང་ཉིད་ཕྱོགས་གཏོགས་དང་བཅས་པར་སྲུང་སྐྱོབ་གང་ཐུབ་བྱེད་པ་ནི། མི་མང་གི་ཁེ་ཕན་གཙོ་བོར་བཟུང་བའི་མང་གཙོའི་ལམ་ལུགས་ཀྱི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཡོངས་སུ་སྲིད་དབང་སྒེར་འཛིན་ནམ། སྲིད་དབང་སྒེར་གཅོད་བྱེད་མཁན་གྱི་རྣམ་པ་དེ་ཙམ་མེད་ཀྱང་། མངོན་གསལ་མ་ཡིན་པའི་ཐོག་ནས་ལས་དོན་མང་པོ་ཞིག་མི་ཚང་སྒེར་ཁ་ཤས་ཀྱི་ཆེད་དུ་བསྒྲུབས་ནས། བོད་ཀྱི་རྩ་དོན་འཐབ་རྩོད་དང་གཞིས་བཞུགས་བོད་མིའི་མངོན་འདོད་བཅས་ཀྱི་ཆེད་འབད་བརྩོན་གྱི་ལས་འགུལ་མངོན་གསལ་དོད་པོས་ཉུང་དུ་འགྲོ་བཞིན་ཡོད། རྒྱལ་སྤྱིའི་སྟེང་ཞུ་གཏུག་གི་ལས་འགུལ་སྤེལ་བ་མང་པོ་ཞིག་ཀྱང་མཐའ་མ་འབབ་ས་གཙོ་བོ་བཙན་བྱོལ་བོད་མིའི་བདེ་དོན་དང་། ཚོགས་སྒེར་བྱེ་བྲག་པ་རེ་ཟུང་གི་ཁེ་ཕན་དང་འབྲེལ་བ་ཡོད་པ་ལྟ་བུར་འགྱུར་བཞིན་ཡོད་པས། སྐྱབས་བཅོལ་བའི་སྒྲིག་འཛུགས་ཤིག་ལ་སྲིད་དབང་གི་ཐོག་ནས་ནུས་པ་ཆེན་པོ་གང་ཡང་མེད་ཀྱང་། སྡུག་ས་ནས་བཤད་ན་བོད་གཞུང་ལ་དཔལ་འབྱོར་གྱི་ཐོག་ནས་ནུས་པ་ཅུང་ཙམ་ཡོད་པ་དེ་༧གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་ནས་སྒེར་བདག་ཆགས་རྒྱུ་ཡིན་པའི་རྣམ་པ་ནི། ད་ལྟ་ནས་མངོན་གསལ་དོད་པོར་འགྱུར་བཞིན་འདུག བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྲིད་དབང་སྒེར་གཅོད་ལས་ཉེན་ཁ་ཆེ་བ་ནི། སྔ་རྗེས་ཡང་ཡང་བཤད་པ་བཞིན་གནད་དོན་ཚང་མ་རྟོགས་མཁན་འགོ་ཁྲིད་ནང་ཆེད་དུ་ཕྱོགས་རིས་འཐེན་འཁྱེར་བྱེད་མཁན་མང་པོ་ཡོད་པ་དང་། གཡམ་རྒྱུག་ཙམ་ལས་གནད་དོན་གསལ་པོ་གང་ཡང་མི་ཤེས་མཁན་གྱི་ནང་དུ་ཕྱོགས་རིས་བྱེད་མཁན་དེ་བས་ཀྱང་མང་བ་ཡོད་པ་གསལ་པོ་རེད། ལྷག་པར་དུ་དཀྲོག་གཏམ་སྤེལ་མཁན་མང་པོ་ཞིག་གིས་ཆེད་དུ་སྤྱི་ཚོགས་མགོ་སྐོར་གཏོང་ཆེད་དཀྲོག་གཏམ་སྤེལ་གྱི་ཡོད་ཀྱང་། ཡ་མཚན་པ་ཞིག་ལ་རང་ཉིད་ཀྱིས་གཞི་མེད་དཀྲོག་གཏམ་ཞིག་ཡང་ཡང་སྤེལ་རྗེས་རང་ཉིད་ཀྱང་དཀྲོག་གཏམ་དེ་ལ་སེམས་གཏིང་ནས་ཡིད་ཆེས་སྐྱེ་བཞིན་ཡོད་པའི་རྣམ་པ་ལྟ་བུའང་མཐོང་རྒྱུ་འདུག རྒྱལ་ཁབ་དང་མི་རིགས་ཀྱི་ལར་ཞེན། རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཚང་མ་ནང་ཁུལ་ཕྱོགས་འཐེན་གྱི་ཤུགས་རྐྱེན་འོག་ནས་ཉམས་དམས་སུ་འགྱུར་བཞིན་ཡོད་པ་ནི། བོད་ཀྱི་རྩ་དོན་འཐབ་རྩོད་དང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གྱོང་གུད་ཆེ་ཤོས་སུ་འགྱུར་བཞིན་ཡོད། མདོར་ན་ཉེ་བའི་ཆར་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་རྒན་པ་ཞིག་གིས་སྤྱི་འཐུས་རྣམས་སྲིད་དབང་སྒེར་གཅོད་པ་རེད་ཅེས་ལབ་པར་བརྟེན། མི་མང་པོ་ཞིག་གིས་ཧ་ལས་ལས་བྱེད་བཞིན་འདུག་ཀྱང་། དོན་དུ་སྲིད་དབང་སྒེར་གཅོད་པ་ནི། གཞི་རྩའི་ཆ་ནས་རྒྱལ་ཁབ་ཀྱི་དབང་ཆ་ཡོངས་རྫོགས་འཛིན་མཁན་གྱི་མགོ་ཁྲིད་ཅིག་མི་མང་གིས་འོས་འདེམས་བྱས་ནས་སླེབས་པ་མ་ཡིན་པ་ཞིག་ལ་གོ་དགོས་པ་ལས། མི་མང་གིས་འོས་འདེམས་བྱས་ནས་བྱུང་བའི་སྤྱི་འཐུས་༤༥ དེ་སྲིད་དབང་སྒེར་གཅོད་པ་ཡིན་ཚུལ་བརྗོད་པ་ནི། ཚ་གེ་ཚི་གེའི་ངང་ཁ་ནས་ཤོར་བ་ལྟ་བུ་ཡིན་སྲིད། གལ་སྲིད་ཆེད་དུ་ལབ་པ་ཡིན་ན་སྲིད་དབང་སྒེར་གཅོད་ཅེས་པ་ག་རེ་ཡིན་མིན་གྱི་གཞི་རྩའི་ཁ་ཕྱོགས་ཙམ་ཡང་མ་ཤེས་པ་ཡིན་པས་བསམ་ཚུལ་དེ་ཧ་ལས་དགོས་པ་ཞིག་གང་ཡང་མ་རེད། གོང་དུ་དཔེར་མཚོན་བཀོད་པ་དེ་དག་དོན་དངོས་ཀྱི་ཐོག་ནས་སྲིད་དབང་སྒེར་གཅོད་པ་འབའ་ཞིག་ཡིན་པས། བཙན་བྱོལ་བོད་མི་རྣམས་སྲིད་དབང་སྒེར་གཅོད་པ་དེ་དག་གི་འོག་ཏུ་མགོ་བོ་དུས་ནམ་ཡང་སྒུར་མི་རུང་།།