སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་དང་བོད་ཀྱི་གོ་སྐབས།

ལྷ་སྡེ་གནམ་ལོ་ཡག
སྨྱུག་ཐོགས་པར་མི་མང་པོ་ཞིག་གིས་ཁྱོད་ཀྱིས་ཀླུ་མཁར་བྱམས་ངོ་སྤྲོད་ཅིག་བྱེད་རོགས་ཀྱི་བསྐུལ་མ་ཐེངས་མང་སླེབས་སོང་། འོན་ཀྱང་། དེང་སྐབས་བོད་ཕྱི་ནང་གཉིས་སུ་ཨ་ཚོགས་ཀླུ་མཁར་བྱམས་སུ་ཡིན་ངོ་མི་ཤེས་མཁན་ཧ་ཅང་གི་ཉུང་ཤོས་རེད། ཐ་ན་ཀླུ་མཁར་བྱམས་ལྟོགས་མྱོང་ཚུལ་ཡང་ཤེས་འདུག་པས། བཙན་བྱོལ་ནང་ལྟོགས་ཀྱིན་པའམ། ལྟོགས་ཉེན་ཡོད་མཁན་ཚོར་མཚོན་ན། སྲིད་སྐྱོང་ལྟོགས་མ་མྱོང་མཁན་ཞིག་སླེབས་པ་ལས་ལྟོགས་མྱོང་མཁན་ཞིག་སླེབས་ན་སྐྱིད་སྡུག་ཞུ་ས་ཡག་ཤོས་སུ་འགྱུར་ཡང་སྲིད།

གང་ལྟར་ཚང་མས་ཀླུ་མཁར་བྱམས་ངོ་ཤེས་དོན་ཡང་དྲང་ལྡོག་གཉིས་ཀྱི་ཁྱབ་བསྒྲགས་ལ་བརྟེན་ནས་བྱུང་ཡོད་ཅིང་། རྒྱབ་བསྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གྱི་གདོང་ཐུག་ཁྲོད་ཤེས་རྟོགས་བྱུང་འདུག ཡིན་ནའང་། ངོ་རྒོལ་བྱེད་མཁན་ཚོས་ཀླུ་མཁར་བྱམས་ཀྱི་རང་བཙན་ལྟ་བས་བོད་དོན་ལ་སྣེ་ཁྲིད་ན་རྒྱལ་བ་རིན་པོ་ཆེ་ཡི་དགོངས་པ་བསྙོན་འབྱིན་བྱས་པ་ལྟ་བུ་ཞིག་ལ་འགྲེལ་ལོག་རྒྱག་གིན་པ་དང་། རྒྱབ་བསྐྱོར་རྒྱག་མཁན་ཚོས་བོད་རང་བཙན་གྱི་ལྟ་བ་གཙོར་བཟུང་ཡོད་པ་ལས་ཤུགས་རྐྱེན་ཅི་ཞིག་བསྐྱེད་ཀྱིན་པ་དང་། བོད་དོན་གྱི་མ་འོངས་པར་ག་རེ་ཡོང་མིན་ཐད་བསམ་བློ་ཆེར་གཏོང་གི་མེད་པ་འདྲ། དེ་བས། སྨྱུག་ཐོགས་པས་གཤམ་དུ་དེའི་ཐད་དོན་ཚན་ཁ་ཤས་སྟེང་དཔྱད་བསྡུར་བྱེད་ཀྱི་ཡིན།

གཅིག མཉམ་གནས་འགྲན་རྩོད་བསྐྱར་དུ་བཞེངས་པ།
ཀླུ་མཁར་བྱམས་ལགས་ནི་བོད་རྒྱལ་ཡོངས་རང་བཙན་ཚོགས་པས་བཏོན་པའི་སྲིད་སྐྱོང་འོས་མི་གཅིག་པུ་དེ་ཡིན་པས། ཐེངས་འདིའི་འོས་བསྡུའི་ཁྲོད་ཀྱི་རང་བཙན་ཤོག་ཁག་གི་ཚབ་མཚོན་མི་སྣ་དེ་ཆགས་ཡོད་པར་མ་ཟད། དབུ་མའི་ལམ་ལྟ་བར་བཟུང་བའི་སྲིད་སྐྱོང་འོས་ཞུགས་པ་ཚོ་དང་ཆབ་སྲིད་ཤོག་ཁག་འགྲན་རྩོད་ཀྱི་ངོ་བོར་གནས་ཡོད་པ་དང་། བཙན་བྱོལ་དམངས་གཙོའི་ལམ་ལུགས་ཤོག་ཁག་འགྲན་རྩོད་ལ་ཞུགས་ཟིན་པ་བསྟན་ཡོད།

ལར་ནས་དམངས་གཙོའི་ལམ་ལུགས་ཀྱི་སྙིང་བོ་ནི༼མང་ཁ་ཉུང་ལེན་དང་ཉུང་ཁེ་རང་འཇགས༽ཡིན་པས། ཤོག་ཁག་སུ་ལ་འོས་ཤོག་གི་རྒྱལ་ཁ་ཐོབ་ནའང་རྩ་དོན་འདི་དང་འགལ་ཆོག་གི་མ་རེད་ལ། འགལ་རུང་གིའང་མ་རེད། དེ་བས། རྩ་དོན་འདི་ལག་ལེན་ནང་བསྟར་བར་བསྐུལ་འདེད་བརྒྱུད་ནས༼མཉམ་གནས་འགྲན་རྩོད༽ལ་ཤུགས་བསྣོན་དང་ག་ལེར་ལག་བསྟར་བྱེད་ཐུབ།

མཉམ་གནས་འགྲན་རྩོད་ནི་ག་འདྲ་ཞིག་ཡིན་ནམ་ཞེ་ན། དེ་ནི་དམངས་གཙོའི་རྒྱལ་ཁབ་ནང་ལག་བསྟར་བྱེད་ཀྱིན་པའི་སྲིད་དོན་ཤོག་ཁག་གཉིས་སམ་དུ་མའི་འོས་བསྡུའི་འགྲན་རྩོད་བརྒྱུད་ནས་དེའི་ཁྲོད་ཀྱི་གཅིག་གམ། ཡང་ན་རེ་གཉིས་མཉམ་འབྲེལ་གྱིས་གཞུང་འཛིན་ཚོགས་པ་ཆགས་རྗེས། ཤོག་ཁག་གཞན་དག་གི་ཁེ་ཕན་ལ་སྲུང་སྐྱོབ་ཀྱིས་ཕན་ཚུན་རྟིང་བསྐུལ་དང་ལྟ་རྟོག་འོག་མཉམ་གནས་བྱེད་ཀྱིན་པར་གོ་དགོས། དཔེར་ན།

ཐེ་ཝན་དུ་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་རེས་མོས་ཀྱིས་གཞུང་སྲིད་སྐྱོང་བཞིན་པ་ལྟ་བུ་རེད། གོ་མིན་ཏང་ནི་གུང་ཁྲན་ཏང་གི་དགྲ་རེད་ལ། རྩ་མེད་གཏོང་བྱ་རེད། འོན་ཀྱང་། དམངས་གཙོ་ཡར་ཐོན་ཚོགས་པའི་སྟོབས་ཤུགས་ཆེ་རུ་གྱུར་བར་བརྟེན་ནས་གོ་མིན་ཏང་ལ་རྒྱ་དམར་གཞུང་གིས་གོ་སྐབས་མི་སྤྲད་རང་སྤྲད་ཆགས་ཡོད།

འཛམ་གླིང་སྤྱིའི་ཆ་ནས་བལྟས་ན། ཉུང་མཐར་ཨེ་ཤ་ཡའི་ནང་དུ་བོད་ནི༼མཉམ་གནས་འགྲན་རྩོད༽ཀྱི་སྲིད་དོན་རིགས་ལམ་ལག་ལེན་ནང་འདེབས་མཁན་དང་པོ་ཆགས་ཡོད། དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བོད་སོག་མཉམ་འབྲེལ་གྱི་སྲིད་གཞུང་བཙུགས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་དུ་རྒྱུན་བསྐྱངས་པ་ནི་དཔེར་མཚོན་གསལ་ཤོས་དང་གྲུབ་འབྲས་ཆེས་ཤོས་དེ་ཡིན། འོན་ཀྱང་། རྒྱལ་དབང་ལྔ་བ་ཆེན་མོ་ཞིང་དུ་ཕེབས་རྗེས། སྲིད་དོན་འཐབ་རྩོད་ཀྱི་རྣོ་ངར་ཁྲོད་ནས་ལག་ལེན་དེ་མཇུག་བསྡུས་ཡོད་པས། དུས་དེ་ནས་བོད་ཀྱི་མཐོ་རིམ་སྤྱི་ཚོགས་ཁྲོད་དུ༼མཉམ་གནས་འགྲན་རྩོད༽དམར་གསོད་བཏང་ཡོད་ལ། ནད་རོ་དེ་བཞིན་དེང་གི་བཙན་བྱོལ་སྤྱི་ཚོགས་ནང་ད་དུང་སངས་ཐུབ་མེད། འདི་ནི་བོད་རྒྱལ་ཁབ་ཤོར་བའི་རྐྱེན་རྩ་ཡིན་པར་མ་ཟད། རྒྱལ་ཁབ་སླར་གསོའམ། རང་སྐྱོང་མངོན་འགྱུར་ཡོང་མ་ཐུབ་པའི་ནང་རྐྱེན་ཆགས་ཡོད། དཔེར་ན་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་དུས་འགོར་ངྷ་རམ་སཱ་ལས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་དང་འབབ་བ་ཕུན་ཚོགས་དབང་རྒྱལ་གཉིས་ལ་མཉམ་འབྲེལ་མ་གནང་བས། མིང་དོན་མཚུངས་པའི་རང་སྐྱོང་རེག་པའི་གོ་སྐབས་ཡག་ཤོས་ཤིག་ཤོར་ཡོད་པ་ལྟ་བུ་དང་། ད་དུང་དཔེར་མཚོན་མང་བོ་ཡོད་ཀྱང་ཡིག་ཚོགས་ཀྱི་དབང་གིས་བསྐྱར་བཟློས་མི་བྱེད།

གཉིས། མཉམ་གནས་འགྲན་རྩོད་དང་གོ་སྐབས་གསར་བ།
རྒྱ་ཡིག་གི༼ཀྲུང་གོའི་བོད་ལྗོངས་དྲ་བ༽སྟེང་ཕྱི་ལོ༢༠༡༥ལོའི་ཟླ༩ ཚེས༢ ཉིན་བདེ་སྐྱིད་ཅེས་པ་ཞིག་གི་མིང་ཐོག་ནས༼ཏཱ་ལའི་དབུ་མའི་ལམ་ལ་འགྲོ་ལམ་མི་འདུག༽ཟེར་བ་ཁ་བྱང་དུ་བཀོད་ནས་ཕྱི་ལོ༢༠༡༦ ལོའི་སྲིད་སྐྱོང་འོས་འདེམས་ལ་དཔྱད་བརྗོད་སྤེལ་འདུག

དཔྱད་བརྗོད་དེ་ཀློག་སྐབས། སྲིད་སྐྱོང་འོས་ཞུགས་པའི་ངོ་སྤྲོད་ནང་སྐུ་ངོ་བློ་བཟང་སེངྒེ་དང་། སྐུ་ངོ་སྤེན་པ་ཚེ་རིང་དང་སྐུ་ངོ་ཀླུ་མཁར་བྱམས་གསུམ་ངོ་སྤྲོད་བྱས་འདུག་པ་དང་། སྐུ་ངོ་གཞན་གཉིས་ངོ་སྤྲོད་བྱས་མི་འདུག

རྩོམ་ཡིག་དེའི་ནང་བསྟན་དོན།༼གླེང་རིན་ཡོད་པ་ཞིག་ནི་ཀླུ་མཁར་བྱམས་ལས་འོས་ཞུགས་པ་གཞན༤ དེ་ཏཱ་ལའི་ཡི‘དབུ་མའི་ལམ’ལ་རྒྱབ་བསྐྱོར་ཡོད་མཁན་རེད། ཀླུ་མཁར་བྱམས་འོས་ཞུགས་བྱས་པ་ལས་ཤེས་ཐུབ་པ་ནི་ཏཱ་ལའི་རུ་ཚོགས་ནང་ཁུལ་གྱི་ལམ་ཕྱོགས་གནད་དོན་གྱི་བསམ་ཚུལ་མ་མཐུན་པ་ཐད་ཀར་ལངས་ཕྱོགས་མ་མཐུན་པར་ཁ་ཁར་གྱེས་པ་དེ་རེད། འདི་ལྟར་ཁ་ཁར་གྱེས་པའི་ངོ་བོ་དངོས་ནི་མུ་མཐུད་དུ་ཏཱ་ལའི་ཡིས་རྒྱུན་སྐྱོང་གིན་པའི‘དབུ་མའི་ལམ’གྱི་ཁ་གཡང་དང་འཐབ་ཇུས་འོག་ནས ‘བོད་རང་བཙན’ལས་འགུལ་སྤེལ་རྒྱུ་ཡིན་ནམ། ཡང་ན་ཡོངས་གྲགས་སུ ‘བོད་རང་བཙན’གྱི་ཐལ་ཆེའི་ལངས་ཕྱོགས་ལ་རྒྱབ་བསྐྱོར་བྱེད་རྒྱུ་དེ་རེད། ༽

ཡིན་ནའང་། རྩོམ་ཡིག་ནང་གོང་དུ་བསྟན་པའི་མངོན་གསལ་དང་སྦས་གསང་གི་ཆ་ཙམ་ལས༼དབུ་མའི་ལམ༽དང༼རང་བཙན༽གཉིས་ངོ་བོ་གཅིག་ཏུ་བརྗོད་ཡོད་བཞིན་དུ་ནང་འགལ་རང་བཞིན་ཅན་གྱི་ཚིག་དུམ་གཅིག་བཀོད་འདུག༼ཐེངས་འདིའི་འོས་འདེམས་ལ་ལྟ་སྐབས། ཀླུ་མཁར་བྱམས་ལ་ཕྱི་སྡོད་བོད་མིའི་ཁྲོད་རྒྱབ་བསྐྱོར་གང་འཚམས་ཐོབ་ངེས་ཀྱང་འོས་ཐོབ་པའི་རེ་བ་ཆེར་མི་འདུག རྒྱུ་མཚན་ནི‘བོད་རང་གཙན’ལ་ཡོངས་གྲགས་སུ་རྒྱབ་བསྐྱོར་བྱེད་པའི་རྒྱལ་ཁབ་འཛམ་གླིང་ནང་གཅིག་ཀྱང་མེད། ‘བོད་ཀྱི་ལས་འགུལ’གྱི‘མི་དཀར་སྐྱབས་མགོན’ཁྲོད་དུའང་མེད། གལ་སྲིད་ཀླུ་མཁར་བྱམས་ལ་འོས་ཐོབ་པ་ཡིན་ན། ནུབ་ཕྱོགས་པའི་རོགས་དངུལ་གཅོད་སྲིད། ཡིན་ནའང་། ཕྱོགས་གཞན་གཅིག་ནས་བཤད་ན། ཀླུ་མཁར་བྱམས་འོས་ཞུགས་བྱས་པ་འདིས་ཏཱ་ལའི་དང‘དབུ་མའི་ལམ’རྒྱབ་བསྐྱོར་བ་ཚོ་དཀའ་ངལ་ལ་གཏད་འདུག༽

རྒྱ་ནག་གི་སྲིད་དོན་ནི་རིག་འཕྲུལ་གྱི་སྒྱུ་རྩལ་ཞིག་ཡིན་པས། གོང་དུ་བཀོད་པའི་སྔ་ཕྱི་ནང་འགལ་ཅན་གྱི་ཚིག་དུམ་དེ་གཉིས་ལས་གོ་སྐབས་གསར་བ་ཞིག་སྟོན་བཞིན་ཡོད། གལ་སྲིད་ཀླུ་མཁར་བྱམས་ལ་འོས་ཐོབ་པ་ཡིན་ན། རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་རྒྱབ་བསྐྱོར་ཡོད་མཁན་མི་སྒེར་རམ་ཚོགས་པ་གང་རུང་གི་མཛད་གཙོ་རེ་གཉིས་ལ་རྒྱ་ནག་ནང་བསྐྱོད་ནས་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་བརྗོད་གཞི་ཁ་ཤས་སྟེང་སྐད་ཆ་བཤད་པའམ། རྒྱ་ནག་ནང་དུ་ཚོང་གི་གོ་སྐབས་སྤྲད་པའི་གྲ་སྒྲིག་ཨང་གསར་ཡོད་པའང་རྒྱ་གཞུང་གིས་དེང་སྐབས་ཐེ་ཝན་གོ་མིན་ཏང་ལ་བཟུང་བའི་སྲིད་ཇུས་ལས་ཤེས་ཐུབ། སྨྱུག་ཐོགས་པས་བསམ་བློ་བཏང་ན། གོ་སྐབས་དེ་དག་ནི་སྐད་ཆ་བཤད་རེས་དང་ཉན་རེས་ཀྱི་རིམ་པ་གཞན་ཞིག་ཡིན། གོ་སྐབས་ལེན་དགོས་ལ། རྒྱུ་དངོས་ཀྱི་བསླུ་བྲིད་འོག་ཚུད་མིན་ནི་མི་གཤིས་ཐུག་ཡོད་པས། རེ་འགའ་བྱུང་ཡང་ཞེད་དགོས་དོན་ཆེར་མེད།

ཡིན་ནའང་། གོ་སྐབས་དེ་ལོན་མིན་རྒྱུ་རྐྱེན་གཉིས་ལ་ཐུག་འདུག དཔེར་ན།དཔྱད་རྩོམ་དེའི་ནང་དུ་མུ་མཐུད་བསྟན་དོན། ༼དེ་ལྟ་ནའང་། ད་ལོ་ཟླ་གསུམ་ཚེས་བཅུའི་ནེའུ་ཡོག་གི་འགལ་བ་ཡིན་ནའང་འདྲ། ཀླུ་མཁར་བྱམས་ནས་ཡོངས་གྲགས་སུ‘རང་བཙན’གླེང་བ་ཡིན་ནའང་ཆོག ཏཱ་ལའི་རྒྱུན་ལྡན་མ་ཡིན་པའི་ལྷིང་འཇགས་དང་གྲགས་འགུལ་མེད་པར་སྡོད་འདུག དེ་ནི་ལོ་སྔ་མའི་ཏཱ་ལའི་ཡི་རྣམ་འགྱུར་ལ་བསྡུར་ན་ཡ་མཚན་ཞིག་དང་། དེ་རིང་བར་ཏཱ་ལའི་ནས་ཅི་ཡང་བཤད་མ་སོང་། འདི་ནི་ཅི་འདོད་བྱེད་དུ་འཇོག་གིན་པ་ཞིག་ཡིན་ནམ། ཡང་ན་ཏཱ་ལའི་ཡིས ‘དབུ་མའི་ལམ’ལ་ལམ་འགྲོ་མ་བྱུང་བ་དང་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་གྱུར་བར་བརྟེན་ནས་ཀླུ་མཁར་བྱམས་ཆེད་དུ་སྔོན་ལ་དེད་ནས་གཅིག་གིས་གདོང་པ་ནག་པོ་འཁྲབ་པ་དང་གཅིག་གིས་གདོང་པ་དཀར་བོ་འཁྲབ་ནས‘ཡུལ་གྱར་སྤྱི་ཚོགས’ཁྲོད ‘རང་བཙན’དང་ལེན་བྱེད་མཁན་ག་ཚད་འདུག་ལྟ་བསམ་བཞིན་པ་ཡིན་ནམ། ༽

འདི་ནས་ག་རེའི་བསྟན་ཡོད་དམ་ཞེ་ན། རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་བེད་སྤྱོད་བཏང་ནས་རང་བཙན་སྟོབས་ཤུགས་རྩ་མེད་གཏོང་འདུན་འཆིང་བཞིན་པ་གསལ་ཡོད། དེ་བས། གཡོ་སྒྱུ་འདིའི་འོག་ཏུ་མ་སོང་བར་བེད་སྤྱོད་ཡག་པོ་བཏང་བ་ཡིན་ན། དབུ་མའི་ལམ་ལ་གོ་སྐབས་མང་བོ་རེག་ཐུབ། དེ་ལས་ལྡོག་ན། རྒྱབ་ཤ་དཀར་བོའི་དེབ་ནང་གསལ་བ་ལྟར༼དབུ་མའི་ལམ་ལ་འདས་པའི་དུས་ཡུན་ནང་ངོས་ལེན་བྱེད་མ་མྱོང་བ་དང་ད་ལྟ་དང་མ་འོངས་པར་ངོས་ལེན་བྱེད་མི་སྲིད༽ཟེར་བ་རྒྱུན་སྐྱོང་ངེས་ཡིན།

གསུམ། མཉམ་གནས་འགྲན་རྩོད་དང་གཅིག་ཕན་གཅིག་གྲོགས།
སྤྱིར་ཀླུ་མཁར་བྱམས་ལ་སྐྱོན་བརྗོད་བྱེད་ན། ངེས་པར་དུ་ཁོང་གིས་བཏོན་པའི་སྲིད་ཇུས་ཏེ། ༼སྲིད་དོན་བསྐྱར་ཞིབ་ཀྱི་འཆར་སྒོ། གཞུང་སྲིད་བར་གནས་ཀྱི་འཆར་སྒོ། དད་པ་ལོག་སྤྱོད་ལ་ངོ་རྒོལ། བྲན་གཡོག་གཤིས་ཀ་ལ་ངོ་རྒོལ༽ལ་དབྱེ་ཞིབ་དང་སྐྱོན་བརྗོད་བྱེད་དགོས་མོད། དེང་གི་བར་ཧ་ལམ་བྱུང་མི་འདུག་ཅེས་བཤད་ཆོག་པའི་ཁོངས་སུ་འདུ། དེ་ལས་ལྡོག་ནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མེད་དང་ཁ་བཏང་སོང་ཟེར་བ་དེ་རེད་ལ། དེ་ནི་ལོ་ལྔའི་ཡར་སྔོན་ཀླུ་མཁར་བྱམས་ལགས་ཨ་མདོའི་སྤྱི་འཐུས་དངོས་གཞིའི་འོས་འདེམས་ཁྲོད་སླེབས་པ་ནས་བྱུང་བ་ཞིག་ཡིན་པར་མ་ཟད། རྒྱབ་བསྐྱོར་རྒྱག་མཁན་དང་ངོ་རྒོལ་བྱེད་མཁན་གྱི་རྩོམ་དང་མཆན་ཡིག་ཕྱོགས་བསྡུས་བྱས་པའི༼ཀླུ་མཁར་བྱམས་ཀུན་གླེང༽ཞེས་དྲ་དེབ་རྫིག་ཐག་ཆོད་ཅིག་ཐོན་ཡོད་པ་རེད།

དེའང་བསྟོད་པ་ལས་སྐྱོན་བརྗོད་ལ་ངོས་ལེན་བྱེད་སྲོལ་ཧ་ཅང་དཀོན་པའི་བཙན་བྱོལ་སྤྱི་ཚོགས་ནང་དུ་མིག་དཔེ་གསར་བ་ཞིག་རེད་ལ། བོད་པའི་སྤྱི་ཚོགས་འདི་བཞིན༼མཉམ་གནས་འགྲན་རྩོད༽ཅན་གྱི་སྤྱི་ཚོགས་ཤིག་ཆགས་དགོས་ན་མཐའ་མའི་འབབ་སའང་དེ་ལས་གཞན་མེད།

དོན་དངོས་སུ་བརྗོད་ན། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་ཁ་བཏང་ཡོད་མེད་དམ། ཀླུ་མཁར་བྱམས་ལ་དད་པ་ཡོད་མེད་དེ་ཁ་གཡར་ས་ཙམ་ལས་འབབ་ས་དེ་དབུ་མའི་ལམ་ནི་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཏོན་པ་ཡིན་པས།རང་བཙན་ལྟ་བ་ཁུར་ནས་སྲིད་སྐྱོང་འོས་བསྡུའི་ནང་ཞུགས་པ་ནི་ཐམས་ཅད་མཁྱེན་པའི་མཚན་གནས་ལ་དོ་ཕོག་འགྲོ་བར་སེམས་ཁྲལ་ཡོད་མཁན་ཁག་ཅིག་དང་། སེམས་ཁྲལ་དེ་བཞིན་སྲིད་དོན་གྱི་དགོས་མཁོར་བེད་སྤྱོད་གཏོང་བཞིན་པ་རེ་འགའ་ཙམ་ལས་རྒྱལ་བ་རིན་པོ་ཆེ་མཆོག་གུ་དོག་པའི་ལྟ་ཚུལ་དེ་དག་ལས་ཡོངས་སུ་གྲོལ་ཡོད། དཔེར་ན། མི་ཚོགས་ཁྲི་སྟོང་མང་བོའི་དབུས་སུ་བཀའ་སློབ་བམ། དཔེ་ཁྲིད་གནང་སྐབས། ཁོང་གིས་ཕྱག་རོགས་སམ་གཡས་གཡོན་གྱི་ངོ་ཤེས་ཚོར་ཐུགས་ལ་མ་དྲན་པའི་མིང་དོན་གང་རུང་ཐད་སྐད་ཆ་འདྲི་བཞིན་ཡོད་ལ། དེ་ནི་རྒྱལ་བ་རིན་པོ་ཆེ་མཆོག་དོགས་སློང་བྱེད་མི་ཆོག་པའི༼ཐམས་ཅད་མཁྱེན་པ༽ཞིག་ལ་སྒྲུབ་མཁན་བསམ་མེད་ཚོར་ལན་ཡག་ཤོས་དེ་ཆགས་ཡོད་པར་མ་ཟད། བེད་སྤྱོད་གཏོང་མཁན་ཚོ་ངོ་གནོངས་དགོས་པའང་བཟོས་ཡོད།

སྔར་དགེ་ལུགས་པའི་ཁྲོད་དུ་རྗེ་བླ་མའི་གསུང་པོད་བཅོ་བརྒྱད་བརྒལ་མ་ཆོག་པའི་མི་མངོན་པའི་ཁྲིམས་རྒྱ་ཞིག་ཡོད་པ་དེའང་བར་སྐབས་ཤིག་ནས་མེད་པ་ཆགས་ཡོད་ལ། རྒྱལ་བ་རིན་པོ་ཆེ་མཆོག་ལ་གསུང་པོད་བརྒྱ་ལྷག་ཡོད་པ་ལྟ་བུས་མཚོན་ཐུབ། དེ་བས། ཀླུ་མཁར་བྱམས་ནས་དབུ་མའི་ལམ་ཐད་བཏོན་པའི་སྐྱོན་བརྗོད་ཁག་ནི་དོགས་སློང་དང་རང་བཙན་བཤད་མཁན་ཞིག་གི་སྒྲུབ་བྱ་ཆགས་ཡོད་པས། བརྒལ་བརྟག་གི་རིམ་པ་ཞིག་ནས་ལྟ་དགོས་པ་ལས་ཁ་བཏང་བའམ་ཟུར་ཟར་གོ་བ་བླངས་ན་ནོར་ཟིན་པའང་གསལ་ཡོད། ཡང་ཅིག་བཤད་ན། རྒྱལ་བ་རིན་པོ་ཆེ་ནི་སྟོན་པ་ཤཀྱཱ་ཐུབ་པའི་བསྲེག་བཅད་བརྡར་གསུམ་ཕྱག་ལེན་བསྟར་མཁན་བླ་མེད་ཅིག་ཡིན་པ་བསྟན་ཡོད་པས། ཆེ་བ་དང་བསྟོད་པ་ཡོང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།

 བཞི། མཉམ་གནས་འགྲན་རྩོད་དང་མ་འོངས་པའི་བོད།
རྩ་བའི་ཆ་ནས་མ་འོངས་པའི་བོད་ཀྱི་མདུན་ལམ་ནི་བོད་རྒྱ་ཆེ་མི་དམངས་ཀྱིས་ཐག་གཅོད་དགོས་པ་ནི་ས་རིས་ཐང་གསལ་རེད། ཡིན་ནའང་། བཙན་བྱོལ་བོད་པ་བྱིངས་ནི་རང་དབང་གི་ཡུལ་ལུང་དུ་ཡོད་པའི་ལས་འགུལ་སྤེལ་མཁན་དུ་གྱུར་ཡོད་པས། ཀླུ་མཁར་བྱམས་ཀྱི་སྲིད་སྐྱོང་འོས་ཞུགས་ཀྱི་བསྒྲགས་གཏམ་དང་གཞུང་འཛིན་སྲིད་ཇུས་གཉིས་ཐད་ནས་ལྟ་སྐབས། གྲ་སྒྲིག་གཅིག་དང་གོམ་སྟབས་གཉིས་སུ་སྤོ་བའི་འཆར་གཞི་ཧ་ཅང་གི་གསལ་བོ་རེད།

༡ རང་བཙན་དང་དབུ་མའི་ལྟ་བ་མཉམ་གནས་ཀྱི་གོམ་སྟབས་གསར་བ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་སྤོ་འགོ་འཛུགས་པར་ཤུགས་བསྣོན་དང་། འཆར་འགོད་བྱེད་ཀྱིན་པའི་སྒང་རེད་ལ། དེ་ནི་གཅིག་ཕན་གཅིག་གྲོགས་སུ་བསྐུལ་འདེད་བྱེད་པའི་ལམ་ཁ་ཞིག་ལས༼ང་བདེན་པ༽ལྟ་བུའི་མཁྲེགས་འཛིན་ལས་ཡོངས་སུ་གྲོལ་བ་ཞིག་ཡིན།

༢ མཉམ་འབྲེལ་རྒྱལ་ཚོགས་ནས་འགོ་བརྩམས་ཏེ། བོད་ཀྱི་རྒྱལ་ཁབ་བསྐྱར་གསོའི་ལས་འགུལ་སྤེལ་བའི་གོམ་སྟབས་ཤིག་རྒྱག་འགོ་ཚུགས་ཟིན་པས། རྒྱ་ནག་གཞུང་གིས་དོ་སྣང་གསར་བ་སྤྲད་ངེས་པ་ནི་གོང་དུ་དྲངས་པའི་དཔྱད་བརྗོད་དེ་ལས་རྟོགས་ཐུབ་ལ། རྒྱ་གཞུང་གིས་རང་བཙན་དྲིལ་བསྒྲགས་ལ་ཁ་རྡུང་གཏོང་བ་དང་དབུ་མའི་ལམ་ལ་གུ་ཡངས་གང་འཚམས་ཡོང་ངེས་པ་གོང་དུ་བརྗོད་ཟིན་པ་ལྟར་ཡིན། ཁ་རྡུང་གཏོང་ཤུགས་ག་ཚད་ཆེ་རུ་སོང་བར་བསྟུན་ནས་བོད་དོན་ལ་དེ་ལྟར་དོ་སྣང་སྤྲད་མཁན་ཇེ་མང་དུ་འགྲོ་ཐུབ།

༣ ཕྱི་ཚུལ་ནས་བལྟས་ན། རྒྱ་དམར་གཞུང་ནི་འཛམ་གླིང་གི་རྒྱལ་ཁབ་ཕྱུག་པོ་གཉིས་པ་དང་དོན་དག་ཆེ་མ་ཆུང་གསུམ་ཐད་ཤུགས་རྐྱེན་བསྐྲུན་མཁན་ཞིག་ཆགས་ཡོད། འོན་ཀྱང་། རྒྱུ་སྟོབས་ངོམ་སོ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ཐད་སེམས་འཚབ་སློང་མཁན་ཞིག་ཏུ་གྱུར་ཡོད་པར་མ་ཟད། རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་མི་འབོར་ས་ཡ་ཁ་ཤས་ཀྱིས་བདག་བཟུང་བྱས་ཡོད་པས། མི་འབོར་དུང་ཕྱུར་བཅུ་གསུམ་ལྟོ་ཆས་འདང་ཙམ་གྱི་རིམ་པ་ལས་བརྒལ་ཐུབ་མེད་པ་དང་། དབུལ་ཕྱུག་གི་ཧེ་བག་ཉིན་བཞིན་ཇེ་མཐོར་འགྲོ་བཞིན་པ་དང་། རུལ་སུངས་འགོག་རྒོལ་ལ་ཁ་གཡར་ནས་དམར་ཤོག་ཚོགས་པའི་ནང་མི་ལས་གཞན་དག་ལ་རྒོལ་རྡུང་གཏོང་བཞིན་པར་བརྟེན་ནས་གཞུང་འཛིན་དཔོན་རིགས་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་འགྲོ་བཞིན་ཡོད་ལ། མི་འགྱངས་པར་རྒྱ་ནག་ལ་འགྱུར་བ་ཐེབས་སྲིད་པའི་གནས་སྟངས་ཤིག་གི་འོག་ལྷག་ཡོད།

ཀླུ་མཁར་བྱམས་ཀྱི་གཞུང་འཛིན་སྲིད་བྱུས་ནང་འགྱུར་བ་འདི་བྱུང་མཚམས་གོ་སྐབས་ག་རེ་འཛིན་དགོས་མིན་ལ་བསྐྱར་ཞིབ་ཀྱིས་འཆར་འགོད་གནང་དགོས་པ་གསལ་ཡོད། དེ་ནི་མ་འོངས་པའི་གྲ་སྒྲིག་ཨང་གསར་གྱི་སྟ་གོན་ཡིན་པར་མ་ཟད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན་བོད་རང་བཙན་རྩོད་པའི་སྟོབས་ཤུགས་མུ་མཐུད་རྒྱུན་གནས་བྱས་པ་ལས་ཉུང་མཐར་བོད་ཀྱི༼རང་ཐག་རང་གཅོད༽ཀྱི་གོ་སྐབས་ཤོར་གྱི་མེད།

གལ་སྲིད་རྒྱ་གཞུང་ལ་ངོས་ལེན་མེད་བཞིན་དུ་བཙན་བྱོལ་བོད་མི་བྱིངས་ནས༼ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང༽ཟེར་བ་ཁོ་ནར་ཤུགས་བརྒྱབ་ན། བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་པར་ཞོར་ནས་ངོས་ལེན་ཤོར་ཡོད་པས། ཧ་ཅང་གི་ཉེན་ཁ་ཆགས་ཡོད། འོན་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་ཁག་ཅིག་གིས་དེ་ལྟར་འབད་བརྩོན་བྱས་ཆོག་ལ། དེའང༼མང་ཁ་ཉུང་ལེན་དང་ཉུང་ཁེ་རང་འཇགས༽ཀྱི་རྩ་དོན་འོག་བཞག་ནས་ལྟ་བ་མཉམ་གནས་བྱེད་དགོས་པའི་གནད་ལ་ཐུག་ཡོད་པའི་ཁར། དེང་གི་ཐེ་ཝན་ཉམས་མྱོང་ལས་བཙན་བྱོལ་བོད་མིས་ཀྱང་དེ་ལྟར་ངེས་པར་དུ་བྱེད་དགོས་པ་མཚོན་ཡོད།།