སློབ་མའི་བརྡ་སྤྲོད་རིག་པའི་བགྲོ་གླེང་།

ཕྱི་ཟླ་༢ ཚེས་༢༥ ནས་ཉིན་གསུམ་རིང་མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་པ་དེ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་འཚོགས་ཡོད་པ་རེད།

དེ་ཡང་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་མི་རིགས་གང་ཞིག་ཡིན་ཡང་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ་གལ་ཆེ་བའི་ཚུལ་དང་། མི་རེ་ངོ་རེས་འགན་ཁུར་ནས་སྐད་ཡིག་དེ་སྲུང་སྐྱོབ་བྱ་དགོས་ན་ལུང་ཚན་དང་སྡེ་ཚན་དག་གིས་ལས་རིམ་གང་དང་གང་གཉེར་དགོས་མིན་གྱི་སྐོར་སོགས་བརྗོད་གཞི་མི་འདྲ་བ་དོན་ཚན་བཅུ་ཡི་ཐོག་ཏུ་བགྲོ་གླེང་གནང་ཡོད་པ་རེད།

ཉིན་དང་པོར་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་དང་། བོད་གཞུང་ཤེས་རིག་གི་སྐུ་ཚབ་ཀརྨ་སྨོན་ལམ། བོད་གཞུང་ནང་སྲིད་ཀྱི་ཟུང་དྲུང་དཔལ་ལྡན་དོན་གྲུབ་བཅས་ཆེད་ཕེབས་གནང་བ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་ཕྱོགས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

ཕྱི་དྲོ་མདོ་ཁམས་ནགས་ཤོད་འབྲི་རུ་བ་སེར་ལྷོ་བསླབ་གསུམ་ནོར་བུས་བརྩམས་པའི་<དྲན་ཐོ་མུ་ཏིག་ཚོམ་བུ་>དང་སྒྲོལ་གླིང་སྐལ་བཟང་ཚེ་སྒྲོན་གྱིས་བརྩམས་པའི་<གསར་སྐྱེས་ཀྱི་མྱུ་གུ་>ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་ཀྱི་མཛད་སྒོ་དང་འབྲེལ་རྩོམ་པ་པོ་གཉིས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།

ཐེངས་འདིའི་བགྲོ་གླེང་ཐོག ས་རཱ་མཐོ་སློབ། ནོར་གླིང་མཐོ་སློབ། བྷིང་ལོར་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། སུ་ཇ། གྷོ་པར་པུར། མ་སུ་རི། སྒྲོལ་མ་གླིང། དགེ་ལྡན་ཆོས་གླིང་། མཚོ་རྒྱལ་བཤད་སྒྲུབ་གླིང་། སེ་ར། དགའ་ལྡན། འབྲས་སྤུངས། དཔེ་སྟོན་སློབ་གྲྭ། རྡ་ས། བཅས་ས་གནས་ཁག་བཅོ་ལྔ་ཙམ་ནས་ཕེབས་པའི་སློབ་མ་མི་གྲངས་༤༥ ཙམ་སླེབས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།