ཧོང་ཀོང་ཕྱུག་བདག་ཚོས་གནས་སྟངས་སྡུག་ཤོས་ཀྱི་ཆེད་དུ་གྲ་སྒྲིག་བྱེད་བཞིན་ཡོད་འདུག
ཧོང་ཀོང་ནང་གི་མང་གཙོའི་ཚད་གཞི་དམའ་རུ་འགྲོ་བཞིན་པ་དང་བསྟུན། མང་གཙོ་ལས་འགུལ་བ་དང་གཞུང་བར་གདོང་ཐུག་གི་གནས་སྟངས་ཚབས་ཆེ་རུ་འགྲོ་ཉེན་ཡོད་པས། མ་འོངས་པར་དཔལ་འབྱོར་གྱི་རང་དབང་ཡང་ངེས་གཏན་མེད་པས། ཕྱུག་བདག་ཚོས་སོ་སོའི་དངུལ་ཕྱིའི་རྒྱལ་ཁབ་ཀྱི་དངུལ་ཁང་དུ་བཅོལ་བ་དང་། གཏན་འཇགས་གནས་མི་དང་མི་སེར་ལག་ཁྱེར་སོགས་ཀྱི་ཐབས་ལམ་བཙལ་བཞིན་ཡོད་འདུག
ཟླ་༦ པའི་ཚེས་༡༥ ཉིན་དཔལ་འབྱོར་གྱི་དུས་དེབ་(The Edge Markets) ཐོག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༡༩༩༧ ལོའི་རྗེས་སུ་ཧོང་ཀོང་ནང་དུ་དཔལ་འབྱོར་དང་ཆབ་སྲིད་ཀྱི་དཀའ་རྙོག་ཆེ་ཤོས་དེ་ད་ལྟའི་ཆར་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གིས་རྩོད་རྙོག་ཅན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེ་ཧོང་ཀོང་ནང་ལག་བསྟར་བྱེད་རྒྱུ་ཐག་གཅོད་བྱས་ཟིན་རྗེས། ཧོང་ཀོང་ནང་གི་ཕྱུག་བདག་མང་པོ་ཞིག་གིས་ཕྱི་ནས་ཁྲིམས་དེར་རྒྱབ་སྐྱོར་བྱེད་བཞིན་པའི་རྣམ་པ་སྟོན་གྱི་ཡོད་ཀྱང་། ལྐོག་ནས་ཧོང་ཀོང་ནང་གནས་སྟངས་སྡུག་ཤོས་ཆགས་སྲིད་པའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
དེ་ཡང་ད་ལྟའི་ཆར་ཧོང་ཀོང་ནང་གི་ཕྱུག་བདག་ཚོས་སྡེབ་གཅིག་ཏུ་ཕྱིའི་རྒྱལ་ཁབ་ཁག་ལ་གནས་སྤོས་བྱེད་པའི་གནས་སྟངས་ཆགས་མེད་ཀྱང་། མང་པོ་ཞིག་གིས་སོ་སོའི་དངུལ་ཕྱིའི་རྒྱལ་ཁབ་ཁག་གི་དངུལ་ཁང་དུ་བཅོལ་མགོ་བཙུགས་ཟིན་ཡོད་ཁར། རྒྱལ་ཁབ་གཞན་ནང་གཏན་འཇགས་གནས་མིའི་ལག་ཁྱེར་དང་མི་སེར་ལག་ཁྱེར་ཐོབ་པའི་ལམ་ཁ་བཙལ་བཞིན་ཡོད་འདུག
ད་ལྟའི་ཆར་ཧོང་ཀོང་ནང་གི་དངུལ་ཁང་ཁག་ཏུ་དངུལ་བཅོལ་བའི་འབོར་ཟླ་༤ པའི་ནང་ཡར་འཕར་འདུག་ཀྱང་། ཕྱིའི་རྒྱལ་ཁབ་ཁག་གི་དངུལ་ཁང་དུ་དངུལ་བཅོལ་མཁན་ཡང་ག་ལེར་འཕར་བཞིན་པའི་རྣམ་པ་ཡོད་འདུག
ཉེ་ཆར་ཧོང་ཀོང་གི་ཚོང་པ་ཅེང་གིས་ཨ་སྒོར་ས་ཡ་༡༠ ཞིག་ཧོང་ཀོང་དངུལ་ཁང་ནས་མར་བཏོན་ནས་སེང་གྷ་པུར་རྒྱལ་ཁབ་ཀྱི་དངུལ་ཁང་ཞིག་ཏུ་བཅོལ་འདུག་པ་དང་། རྒྱལ་ཁབ་དེའི་གཏན་འཇགས་གནས་སྡོད་ཀྱི་ལག་ཁྱེར་ཡང་བླངས་ཟིན་འདུག དེ་བཞིན་ཧོང་ཀོང་གྲོང་ཁྱེར་ནང་དུ་ཡོད་པའི་མཁར་དབང་ཡང་བཙོང་མགོ་བཙུགས་ཟིན་འདུག ཁོང་གིས་ཁོང་ནི་ཧོང་ཀོང་གི་མི་མང་གཞན་དང་གཅིག་མཚུངས་ཀྱིས། རྒྱ་ནག་གི་སྟངས་འཛིན་དམ་དུ་འགྲོ་བཞིན་པ་དང་། ངོ་རྒོལ་དང་བརྟན་ལྷིང་མེད་པ་ཆགས་ཉེན་ལ་སེམས་འཚབ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
དེ་ཡང་ཧོང་ཀོང་ནས་ཐོན་ནས་སེང་གྷ་པུར་དུ་གནས་སྤོ་དང་། དངུལ་ཁང་བཟོ་སྟངས། ཕྲུ་གུའི་སློབ་གྲྭ ཐོངས་མཆན་སོགས་ཀྱི་ཐད་དུ་འབྲེལ་ཡོད་ཞབས་ཞུ་ཁང་དུ་དྲི་བ་འདྲི་མཁན་མང་དུ་ཕྱིན་ཡོད་འདུག དེ་བཞིན་དབྱིན་ཡུལ་སོགས་ནང་ཁང་པ་ཉོ་ཐབས་བྱེད་མཁན་ཡང་མང་པོ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།