ཨ་རིའི་སྲིད་འཛིན་འོས་གྲངས་བསྐྱར་རྩིས་བྱེད་འཆར།

ཨ་རིའི་མངའ་སྡེ་ཝི་སེ་ཁོན་སིན་གྱི་སྲིད་འཛིན་འོས་གྲངས་དེ་བསྐྱར་རྩིས་བྱེད་འཆར་ཡོད་འདུག་པ་དང་། དེ་ཡང་སྲིད་འཛིན་འོས་བསྡུའི་སྐབས་ལྗང་ཁུ་ཚོགས་པའི་འོས་མི་ཇིལ་སེ་ཀྲན་གྱིས་འོས་གྲངས་བསྐྱར་རྩིས་ཀྱི་འགྲོ་གྲོན་ཐབས་ཤེས་བཏང་ཡོད་འདུག

15175478_1324909444199588_61231182_nཟླ་འདིའི་ཚེས་༢༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་སྦི་སྦི་སིའི་སྟེང་དུ་གནས་ཚུལ་བཀོད་གསལ། ལྕམ་ཧི་ལ་རིའི་རྒྱབ་སྐྱོར་བ་ཚོས་ལྕམ་ཧི་ལི་རིར། སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པའི་རྒྱབ་སྐྱོར་བའི་ཁ་གྲངས་འདྲ་བོ་ཡོད་པའི་མངའ་སྡེ་གསུམ་ནང་། འོས་གྲངས་བསྐྱར་རྩིས་བྱེད་པའི་རེ་འདུན་བཏོན་ཡོད་ཀྱང་། ད་བར་མོས་མཐུན་ལན་འདེབས་གང་ཡང་སྤྲད་མེད་པ་རེད། དེ་སྔོན་རང་དབང་གྱི་ཚོགས་པ་ལྗང་ཁུའི་སྲིད་འཛིན་འོས་མི་ལྕམ་ཇིལ་སེ་ཀྲན་གྱིས། མངའ་སྡེ་ཝི་སེ་ཁོན་སིན་ནང་དུ་འོས་གྲངས་བསྐྱར་རྩིས་ཡོང་ཆེད། འགྲོ་གྲོན་ཨ་སྒོར་ས་ཡ་༢.༥ ལས་མང་བ་དངུལ་ཞལ་འདེབས་བརྒྱུད་ནས་ཐབས་ཤེས་བཏང་ཡོད་འདུག་པ་དང་། མངའ་སྡེ་དེའི་འོས་གྲངས་བསྐྱར་རྩིས་ཀྱི་ཞུ་གཏུགས་ཉིན་མོ་མཐའ་མ་ནི་རེས་གཟའ་པ་སངས་ཡིན་འདུག

ལྕམ་ཇིལ་གྱིས་འོས་གྲངས་བསྐྱར་རྩིས་དགོས་དོན། ཨ་རིའི་འོས་བསྡུའི་སྒྲིག་སྲོལ་དེ་ཚད་ག་ཚོད་ཀྱི་ཡིད་ཆེས་བྱ་མི་རུང་བ་ཡིན་པ་གསལ་སྟོན་བྱེད་ཐབས་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། མངའ་སྡེ་དེའི་འོས་བསྡུའི་འབྲེལ་ཡོད་ལས་བྱེད་ཅིག་གིས་འོས་གྲངས་བསྐྱར་རྩིས་བྱེད་པའི་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

དེ་ཡང་ཉེ་བའི་ཆར་ཨ་རིའི་འོས་བསྡུའི་འཐུས་ཚོགས་ཀྱི་འོས་གྲངས་བརྩི་སྲོལ་ལས་སྐུ་ཞབས་ཊོམ་ལ་རྒྱལ་ཁ་ཐོབ་ཡོད་ཀྱང་། སྤྱི་ཡོངས་མི་མང་གི་འོས་གྲངས་དེ་ལྕམ་ཧི་ལ་རི་ལ་ས་ཡ་གཉིས་ཀྱི་མང་བ་ཆགས་ཡོད་པས། འོས་བསྡུའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་དང་གློད་ཀླད་བདེ་འཇགས་ཀྱི་ཆེད་ལས་པ་ཞིག་གིས། སྐུ་ཞབས་ཊོམ་ལ་རྒྱལ་ཁའི་ཁ་གྲངས་ཕྲ་མོ་ཡོད་པ་དང་འོས་ཤོག་གི་ཤོག་བུ་བེད་སྤྱོད་བྱེད་སྲོལ་ཡོད་པའི་མངའ་སྡེ་ཝི་སེ་ཁོན་སིན་དང་། མཱི་ཆི་གྷན། དེ་བཞིན་ པེན་སི་ཝེལ་ནིཡ་ཡི་(ས་གནས་ཁག་ཅིག་གི་འོས་ཤོག་བྱེད་སྲོལ་ཡོད་འདུག)བཅས་གསུམ་གྱི་འོས་གྲངས་ཀྱི་ཤོག་བུ་དེ་མིའི་ལག་པས་བརྩིས་ནས། འོས་གྲངས་དྲང་བདེན་བྱས་ཡོད་མེད་ཤེས་ཐབས་བྱེད་དགོས་སྐོར་བརྗོད་འདུག ཟླ་འདིའི་ཚེས་༢༢ ཉིན་ཁོ་གཉིས་ཀྱིས་ལྕམ་ཧི་ལ་རིའི་འོས་བསྡུའི་ཁྱབ་བསྒྲགས་ཀྱི་ཚོགས་པ་ལ་འབྲེལ་བ་བྱས་ནས། འོས་གྲངས་བསྐྱར་རྩིས་བྱེད་པའི་དགོས་འདུན་འདོན་དགོས་པའི་པའི་རེ་སྐུལ་བྱས་ཡོད་འདུག

མངའ་སྡེ་ཁག་ནང་འོས་གྲངས་བསྐྱར་བརྩིས་བྱེད་པར་དུས་བཀག་ཡོད་འདུག་པ་དང་། སྲིད་འཛིན་འོས་མི་ཞིག་གིས་དེའི་སྔོན་ནས་བསྐྱར་རྩིས་ཀྱི་དགོས་འདུན་དང་དེའི་ཆེད་འགྲོ་གྲོན་གྱི་དངུལ་སྤྲོད་དགོས་ཀྱི་ཡོད་འདུག མངའ་སྡེ་ཝི་སི་ཁོན་སིན་གྱི་དུས་བཀག་ནི་རེས་གཟའ་པ་སངས་དང་། པེན་སི་ཝེལ་ནིཡ་དེ་རེས་གཟའ་ཟླ་བ། མཱི་ཆི་གྷན་གྱི་དུས་བཀག་རེས་གཟའ་ལྷག་པ་བཅས་ཡིན་འདུག

དེ་ཡང་དེ་སྔོན་ནས་ཨ་རིའི་འོས་བསྡུར་ཕྱིའི་རྒྱལ་ཁབ་ཨུ་རུ་སུ་སོགས་ཀྱི་ཐེ་ཇུས་ཆེན་པོ་བྱེད་ཀྱི་ཡོད་པའི་དོགས་པ་ཡོད་པས། ཐེངས་འདིར་འོས་བསྡུའི་གྲུབ་འབྲས་ལ་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་ཇུས་བྱས་པའི་དཔང་རྟགས་མེད་ཀྱང་། མངའ་སྡེ་དེ་གསུམ་ནང་འོས་གྲངས་བསྐྱར་རྩིས་དགོས་པའི་དགོས་འདུན་འདོན་མཁན་མང་དུ་འགྲོ་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།