ཨི་སི་རེལ་གྱིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་བཟོ་གྲྭའི་ལྟེ་གནས་ཁག་ལ་གཏོར་རྒོལ་འགོ་བཙུགས་ཟིན་འདུག

ཨི་རན་གྱིས་ད་ཆར་རྡུལ་ཕྲན་མཚོན་ཆ་བཟོ་བཞིན་ཡོད་འདུག་པར་བརྟེན། ཨི་སི་རེལ་གྱིས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོས་ན་ཨི་སི་རེལ་གྱི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་དེ་ཡིན་པར་བརྗོད་ནས། དེ་རིང་ཞོགས་པ་སྔ་པོར་ཨི་རན་ཐོག་ཏུ་གཏོར་རྒོལ་བྱེད་རྒྱུ་འགོ་བཙུགས་ཡོད་འདུག

ཕྱི་ཚེས་༡༣ ཉིན་(The New yak Times)ནིའུ་ཡོག་དུས་བབ་གཙོས་པའི་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་གཟའ་པ་སངས་ཉིན་གྱི་ཞོགས་པར་ཨི་སི་རེལ་གྱིས་(A Rising Lion)མདུན་མཆོང་བྱེད་བཞིན་པའི་སེང་གེ་ཟེར་བའི་བྱ་འགུལ་ཞིག་སྤེལ་ནས། ཨི་རན་ཐོག་གཏོར་རྒོལ་འགོ་བཙུགས་ཡོད་འདུག་ཅིང་། ཨི་སི་རེལ་གྱིས་བརྗོད་དོན་ལྟར་ན། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་བཞིན་ཡོད་པ་དང་། དེ་ནི་ཨི་སི་རེལ་གྱི་བདེ་སྲུང་ལ་ཧ་ཅང་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པས་གཏོར་རྒོལ་འགོ་བཙུགས་ཡོད་འདུག  གཏོར་རྒོལ་དེའི་ཁྲོད་ཨི་རན་གྱི་དམག་སྤྱི་མཐོ་ཤོས་གཉིས་པ་དང་གསུམ་པ། གཞན་དམག་སྤྱི་གཅིག་བཅས་དམག་སྤྱི་གསུམ་གྱི་ཚེ་སྲོག་ཤོར་ཡོད་འདུག་ཅིང་། དེ་བཞིན་རྡུལ་ཕྲན་མཚོན་ཆ་བཟོ་མཁན་ཚན་རིག་པ་ཞིག་ཀྱང་བསད་ཡོད་པ་ཨི་རན་གཞུང་གི་གསར་ཁང་ཞིག་ནས་བརྗོད་འདུག དེ་རིང་ནས་བཟུང་མངའ་ཁུལ་དེ་དག་གི་ནང་དམག་འཁྲུག་ཆེན་པོ་ཞིག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཟིན་འདུག་ཅིང་། ཨི་སི་རེལ་གྱིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུར་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ་ཡིན་པ་དང་། དེ་རིང་ཞོགས་པར་ཨི་རན་གྱི་གོ་མཚོན་གྱི་མཛོད་ཁང་དང་། གོ་མཚོན་བཟོ་གྲྭ། ཐག་རིང་པོ་སྙོབ་ཐུབ་པའི་གོ་མཚོན། མཐོ་རིམ་དམག་དཔོན་རྣམས་ཀྱི་སྡོད་གནས། དེ་དག་གི་ལས་ཁུངས་སོགས་ལ་གཏོར་རྒོལ་བཏང་ཡོད་པར་བརྗོད་འདུག 

དེ་བཞིན་ཨི་སི་རེལ་རྒྱལ་ཡོངས་ལ་ཛ་དྲག་གི་བཀའ་རྒྱ་བཏང་ནས་མི་མང་འདུ་འཛོམས་བྱེད་མི་ཆོག་པ་དང་། སློབ་གྲྭ་རྣམས་གནས་སྐབས་མཚམས་འཇོག་བྱས་པ། མི་མང་རྣམས་གོ་མཚོན་རིགས་འགོག་རྒོལ་ཐུབ་པའི་ཁང་པའི་ནང་ཆུ་ཚོད་༢༤ རིང་འདུག་དགོས་པ་དང་། དེའི་ཆེད་དུ་ཟས་དང་ཆུ་སོགས་གྲ་སྒྲིག་བྱེད་དགོས་པར་བརྗོད་ཡོད་འདུག་ལ། ཨི་རན་གྱིས་ཚུར་འཁོན་ལེན་སློག་རྒྱུར་གཞུང་གིས་གྲ་སྒྲིག་ཆ་ཚང་བྱེད་བཞིན་ཡོད་འདུག ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨི་སི་རེལ་གྱིས་ཨི་རན་ཐོག་གཏོར་རྒོལ་བྱེད་བཞིན་པ་དེའི་ཁྲོད་ཨ་རི་ཐེ་གཏོགས་མེད་ཅེས་བརྗོད་ཡོད་འདུག་ཀྱང་། ཨི་རན་གྱི་ཕྱི་སྲིད་ལྷན་ཁང་ནས་ཐེངས་འདིའི་གཏོར་རྒོལ་དེ་ཨ་རིས་ཆོག་མཆན་སྤྲད་མེད་ན་ཨི་སི་རེལ་གྱིས་ནམ་ཡང་གཏོར་རྒོལ་བྱེད་ཀྱི་མ་རེད་ཅེས་བརྗོད་འདུག

བདུན་ཕྲག་སྔོན་མར་ཨ་རིའི་དཀྱིལ་ཤར་ཡུལ་གྲུ་ཁུལ་གྱི་སྐུ་ཚབ་དང་ཨི་རན་གཞུང་གི་སྐུ་ཚབ་བར་གྲོས་མོལ་བྱས་ནས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་མཚམས་འཇོག་བྱེད་རྒྱུའི་ཐབས་ཤེས་བྱས་ཡོད་འདུག་ཀྱང་། གྲུབ་འབྲས་གང་ཡང་ཐོན་ཡོད་མི་འདུག་ལ། ཨི་རན་གྱི་ངོས་ནས་ཨ་རིས་ཁས་ལེན་མི་ཐུབ་པའི་ཆ་རྐྱེན་མང་པོ་ཞིག་བཏོན་ཡོད་པར་བརྗོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་དེ་རིང་གི་གཏོར་རྒོལ་དེ་འགོ་བཙུགས་ཡོད་པ་རྗོད་ཀྱི་ཡོད་འདུག དེ་རིང་ཞོགས་པའི་ཆུ་ཚོད་༤་༡༨ ཐོག་ཨི་སི་རེལ་གྱིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་སའི་ལྟེ་གནས་བཟོ་གྲྭ་ཁག་ལ་གཏོར་རྒོལ་དྲག་པོ་བྱེད་སྐབས། ལྟེ་གནས་ཁག་དེ་དག་ནས་དུ་བ་ནག་པོ་ཆེན་པོ་འཐོན་བཞིན་ཡོད་པའི་བརྙན་དྲྭ་ཐོག་ཏུ་མཐོང་རྒྱུ་འདུག་ལ། དེ་རྗེས་ཆུ་ཚོད་༥་༥༦ ཐོག་བསྐྱར་དུ་གཏོར་རྒོལ་བཏང་ནས་ལྟེ་གནས་ཁག་དེ་དག་རྩ་མེད་བཏང་ཟིན་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག གོ་མཚོན་བཟོ་གྲྭའི་ལྟེ་གནས་(The Natanz facility)ཟེར་བ་དེ་ལ་གཏོར་རྒོལ་དྲག་པོ་བྱས་ཡོད་འདུག བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན་ཨི་སི་རེལ་གྱི་སྲིད་བློན་གྱིས་ཨི་སི་རེལ་གྱི་ངོས་ནས་ཨི་རན་ཐོག་ད་བར་བྱུང་མྱོང་མེད་པའི་གཏོར་རྒོལ་ཞིག་བྱེད་རྒྱུ་ཡིན་པ་བརྗོད་ཡོད་འདུག ད་ལྟ་གནས་ཚུལ་གཞན་ཐོན་བཞིན་པ་ལྟར་ན། ཨི་རན་གྱིས་དེའི་ལན་དུ་ཨེ་སི་རེལ་ཐོག་ཏུ་མི་མེད་གནམ་གྲུ་བརྒྱ་ཙམ་བཏང་སོང་ཞེས་ཨེ་སི་རེལ་གྱིས་བསྒྲགས།

ཨ་རིའི་སྤྱི་མཐུན་སྲིད་དོན་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་ནས་ཨི་རན་གྱིས་ཨི་རན་ནང་དུ་ཡོད་པའི་ཨ་རིའི་ལྟེ་གནས་ཁང་ཁག་དང་མི་སྒེར་ལ་གཏོར་རྒོལ་རིགས་བྱས་ཚེ་ཨི་རན་གྱི་སྣུམ་གྱི་ལྟེ་གནས་ཁག་ཚང་མ་ལ་གཏོར་རྒོལ་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག འོན་ཀྱང་། ཨི་རན་གྱི་དམག་སྡེ་ལྷན་ཁང་གི་མགྲིན་ཚབ་པས་ཨ་རི་དང་ཨི་སི་རེལ་གཉིས་ལ་རྒོལ་ལེན་ངེས་པར་དུ་སློག་རྒྱུ་ཡིན་པར་བརྗོད་འདུག ཨི་སི་རེལ་གྱི་སྲིད་བློན་(Benjamin Netanyahu)ཡིས་དེ་རིང་ཞོགས་པ་སྔ་པོར་ཨི་སི་རེལ་གྱིས་ཨི་རན་ཐོག་ཏུ་གཏོར་རྒོལ་བྱེད་རྒྱུ་འགོ་བཙུགས་ཟིན་པ་དང་། གཏོར་རྒོལ་མུ་མཐུད་ཉིན་གྲངས་མང་པོ་ག་ཚོད་རིང་བྱེད་དགོས་ན་ཡང་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།