ཨུ་རུ་སུས་བྱང་ཀོ་རི་ཡས་སྤྲད་པའི་ཐག་རིང་སྙོབ་པའི་མེ་ཤུགས་འཕུར་མདའ་ཡུག་རེན་ལ་བེད་སྤྱོད་གཏོང་བཞིན་པར་བརྗོད།

ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་དམག་འཁྲུག་གི་ཁྲོད་བྱང་ཀོ་རི་ཡས་སྤྲད་པའི་རྒྱང་ཐག་ཧ་ཅང་རིང་པོར་འཕུར་སྐྱོད་ཐུབ་པའི་མེ་ཤུགས་འཕུར་མདེལ་གྱི་མཚོན་ཆ་(སྒྱོགས་མདའ) ་དང་འཕུར་འདེགས་འཕྲུལ་འཁོར་བེད་སྤྱོད་གཏོང་བཞིན་ཡོད་འདུག

(པར། DH)

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་(John Kirby) ་ཡིས། ཨུ་རུ་སུས་བྱང་ཀོ་རི་ཡས་མཁོ་སྤྲོད་བྱས་པའི་རྒྱང་ཐག་རིང་པོར་འཕུར་སྐྱོད་ཐུབ་པའི་མེ་ཤུགས་འཕུར་མདེལ་གྱི་མཚོན་ཆ་དང་འཕུར་འདེགས་འཕྲུལ་འཁོར་དག་ཡུག་རེན་ལ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། བྱང་ཀོ་རི་ཡས་ཨུ་རུ་སུ་ལ་མཚོན་ཆ་མཁོ་སྤྲོད་བྱེད་པའི་གནས་ཚུལ་དེ་གལ་འགངས་ཆེ་བ་དང་སེམས་འཚབ་བྱེད་དགོས་པའི་འཕེལ་རིམ་ཞིག་རེད་ཅེས་དང་། ཨ་རིའི་གཞུང་གིས་གནས་ཚུལ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཁང་ནང་གླེང་སློང་བྱེད་རྒྱུ་ཙམ་མ་ཟད། མཚོན་ཆ་མཁོ་སྤྲོད་ཀྱི་ལས་གཞིའི་ནང་ཡོད་མཁན་ཚོ་ལ་ཉེས་ཆད་འཕར་མ་གཅོད་རྒྱུ་ཡིན་ཞེས་བརྗོད་འདུག ཡིན་ན་ཡང་། ཨུ་རུ་སུས་མཉམ་ལས་དེ་ལྟར་བྱས་པ་ཁས་མ་བླངས་པ་དང་། ཨ་རི་གཞུང་གིས་སྐྱོན་བརྗོད་དེ་བྱས་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས། བྱང་ཀོ་རི་ཡའི་སྲིད་འཛིན་གྱིས་རྒྱལ་ནང་དུ་འཕུར་འདེགས་འཕྲུལ་འཁོར་གྱི་ཐོན་སྐྱེད་རྒྱ་བསྐྱེད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

སྔ་ལོའི་ཕྱི་ཟླ་༩ པའི་ནང་བྱང་ཀོ་རི་ཡའི་སྲིད་འཛིན་ཨུ་རུ་སུ་ལ་ཕྱིན་ནས་དམག་དོན་མཉམ་ལས་ཐོག་གྲོས་བསྡུར་བྱས་ཡོད་འདུག་པ་དང་། ཨ་རིའི་གཞུང་གིས་བྱང་ཀོ་རི་ཡས་ཨུ་རུ་སུ་ལ་མཚོན་ཆ་མཁོ་འདོན་བྱས་པར་སྐྱོན་བརྗོད་བྱས་ཡོད་འདུག

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་(John Kirby) ་ཡིས། ཨུ་རུ་སུས་བྱང་ཀོ་རི་ཡ་ནས་མེ་ཤུགས་འཕུར་མདའ་མཁོ་སྒྲུབ་བྱས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཁང་གི་གྲོས་ཆོད་མང་པོ་དང་ཐད་ཀར་འགལ་བ་ཞིག་རེད་ཅེས་དང་། ཨུ་རུ་སུས་ཨི་རན་ནས་ཐག་ཉེའི་འཕུར་མདའ་ཉོ་རྩིས་བྱས་ཀྱང་དེ་ད་དུང་སྒྲུབ་མེད་པ་རེད་ཅེས་བརྗོད་ཡོད་པ་མ་ཟད། ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱིས་ནར་འགྱངས་མེད་པར་ཡུག་རེན་ལ་རོགས་དངུལ་མཁོ་འདོན་བྱ་རྒྱུའི་ཆོག་མཆན་སྤྲོད་པའི་རེ་བ་ཞུས་ཡོད་འདུག

ཁོང་གིས་ཨི་རན་དང་བྱང་ཀོ་རི་ཡ་གཉིས་ཨུ་རུ་སུའི་ཕྱོགས་སུ་ལངས་ཡོད་པ་དང་། ཨ་རིའི་གཞུང་དང་མི་མང་ཚོས་མུ་མཐུད་ཡུག་རེན་གྱི་ཕྱོགས་སུ་ལངས་ཡོད་པ་ཤེས་པའི་འོས་བབ་ཡོད་རེད་ཅེས་བརྗོད་འདུག

སྔ་ལོ་ཕྱི་ཟླ་༡༢ ཚེས་༢༧ ཉིན་ཨ་རིའི་ཕོ་བྲང་དཀར་པོས་ཡུག་རེན་ལ་ཨ་སྒོར་ས་ཡ་༢༥༠ ཡི་དམག་དོན་རོགས་སྐྱོར་གྱི་ཆོག་མཆན་མཐའ་མ་དེ་སྤྲད་ཡོད་པ་དང་།  ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཨ་རིས་ཡུག་རེན་ལ་དམག་དོན་རོགས་སྐྱོར་སྤྲོད་རྒྱུར་རྒྱབ་སྐྱོར་མ་བྱས་པར་བརྟེན། དམག་དོན་རོགས་སྐྱོར་ལ་བཀའ་འཁྲོལ་མ་ཐོབ་པས་གྲོས་ཚོགས་སུ་ལྷག་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།