ཨུ་རུ་སུས་རྒྱལ་ཚོགས་ཀྱི་སི་རི་ཡའི་གྲོས་ཆོད་ལ་དགག་བྱ་བྱས།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ། སི་རི་ཡའི་གཞུང་འཛིན་ཚོགས་པས་མི་མང་ལ་རྫས་འགྱུར་གྱི་དྲག་རྒོལ་བྱས་པའི་ཐོག་གྲོས་ཆོད་ཞིག་འཇོག་ཐབས་བྱས་འདུག་ཀྱང་། ཨུ་རུ་སུས་གྲོས་ཆོད་དེར་དགག་བྱ་བྱས་ཏེ། གྲོས་ཆོད་དེ་མང་མོས་བྱུང་མ་ཐུབ་པས། ཚོགས་མི་མང་པོ་ཞིག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

ཟླ་འདིའི་ཚེས་༡༣ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༡༢ ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་འཚོགས་ཏེ། ཉེ་ཆར་སི་རི་ཡའི་ནུབ་ཕྱོགས་ཀྱི་ས་ཁུལ་དུ་མི་མང་ལ་རྫས་འགྱུར་གྱི་དྲག་རྒོལ་བྱས་པའི་གནས་ཚུལ་དེར། ལྷན་ཚོགས་ནས་སི་རི་ཡའི་གཞུང་ལ་ཉེས་འཛུགས་བྱེད་རྒྱུ་དང་། གནད་དོན་དེར་མྱུར་དུ་ཞིབ་འཇུག་བྱ་རྒྱུའི་དགོས་འདུན་བཏོན་པའི་གྲོས་ཆོད་ཟིན་བྲིས་དབྱིན་ཡུལ་དང་ཧྥ་རན་སི། ཨ་རི་བཅས་ཀྱིས་ཁྱེར་ནས། ལྷན་ཚོགས་ནང་གྲོས་འདོན་བྱས་ནས་འོས་འཕེན་སྐབས་། ཚོགས་མི་རྒྱལ་ཁབ་༡༠ ཡིས་རྒྱབ་སྐྱོར་ཐོབ་པ་དང་ཨུ་རུ་སུ་དང་བྷོ་ལི་ཝེ་ཡས་དགག་བྱ་བྱས་འདུག རྒྱ་ནག་དང་ཁ་ཛག་སི་ཐན། ཨི་ཐོ་པ་ཡ་བཅས་ཀྱི་འོས་འཕེན་ལ་མཉམ་ཞུགས་བྱས་མེད་འདུག

འོས་བསྡུའི་རྗེས་དབྱིན་ཡུལ་གྱི་རྒྱལ་ཚོགས་སྐུ་ཚབ་ཀྱིས། ཨུ་རུ་སུའི་སྐུ་ཚབ་ལ་གདོང་གཏད་ནས། “ཚེ་སྲོག་ཤོར་ཟིན་པའི་ཕྲུ་གུ་དེ་དག་གི་གདོང་ལ་བལྟས་ནས། མི་སུ་ཡིས་བྱེད་ལས་དེར་ཉེས་འཛུགས་བྱེད་པར་དགག་བྱ་གང་འདྲ་བྱེད་ཐུབ་ཀྱི་ཡོད་པ་རེད་དམ་”ཞེས་དྲི་བ་དྲིས་ཡོད་འདུག ཁོང་གིས་ཟླ་འདིའི་ཚེས་༤ ཉིན་རྫས་འགྱུར་གྱི་དྲག་རྒོལ་བྱས་པའི་ས་གནས་ནས་བླངས་པའི་དཔེ་མཚོན། དབྱིན་ཡུལ་གྱི་ཚན་རིག་པས་བརྟག་དཔྱད་ཏེ། ས་གནས་དེར་མི་གསོད་ཀྱི་ལག་ཆ་དུག་རྫས་སེ་རན་ཞེས་པ་དེ་བེད་སྤྱད་པ་ར་སྤྲོད་བྱུང་ནས་སི་རི་ཡའི་གཞུང་ལ་ཉེས་པ་ཡོད་སྐོར་བརྗོད་འདུག

དེ་བཞིན་ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས། ཨུ་རུ་སུའི་དགག་བྱ་དེ་ལས། འགན་ཁུར་དང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ལ་མཉམ་ལས། སི་རི་ཡའི་ནང་དུ་ཞི་བདེ་ཡོང་ཐབས་ལ་མཐུན་རྐྱེན་སྦྱར་རྒྱུ་སོགས་ལ་དགག་བྱ་བྱས་པ། ཨ་རབ་ཀྱི་རྒྱལ་ཁབ་ཚོས་མི་གསོད་ཁྲག་སྦྱོར་གྱི་བྱེད་ལས་ལ་སྦྱོར་མཁན་སྲིད་གཞུང་དེར་ཉེས་འཛུགས་བྱས་ཡོད་ཀྱང་། ཨུ་རུ་སུས་སི་རི་ཡའི་སྲིད་འཛིན་ཨ་ས་ཌེ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད་པ་ཡིན་སྐོར་བརྗོ་ད་འདུག

ད་བར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་པའི་སི་རི་ཡའི་གྲོས་ཆོད་ལ། ཨུ་རུ་སུས་དགག་བྱ་བྱས་པ་ཐེངས་བརྒྱད་པ་ཡིན་འདུག རྒྱ་ནག་གིས་ད་བར་དགག་བྱ་ཐེངས་དྲུག་བྱས་ཡོད་འདུག བདེ་འཇགས་ལྷན་ཚོགས་ནང་གི་མི་མཐུན་པའི་ལངས་ཕྱོགས་དེས། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་རྩོད་རྙོག་དེ་མེད་པར་བཟོ་བར་འགག་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག

སི་རི་ཡའི་དམག་འཁྲུག་དེ་ལངས་ནས་ལོ་དྲུག་པ་དེ་འགྲོ་བཞིན་ཡོད་པ་དང་། དམག་ཁྲུག་དེ་ནི་དུས་རབས་ཉེར་གཅིག་གི་རྙོག་འཛིང་ཆེ་ཤོས་གྲས་ཀྱི་དམག་ཁྲུག་ཅིག་ཡིན་པ་རེད། ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སུ་སོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་དང་བསྟུན་ནས། ཕྱོགས་ཤིག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཁར། མི་མང་དཀྱུས་མ་ས་ཡ་མང་པོ་སྡོད་བཟོད་མི་ཐུབ་བ་ཆགས་ནས་ཡུ་རོབ་སོགས་ལ་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།