ཨོ་སོ་ཊོ་ལི་ཡར་འགྲོ་མཁན་ཚོས་མཐའ་མའི་བཀའ་འཁྲོལ་མ་བྱུང་བར་དུ་བྲེལ་བ་མ་བྱེད་རོགས།
དེ་རིང་ཉིན་རྒྱབ་ལས་ཁུངས་ཀྱི་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས། བདེ་སྲུང་དང་འབྲེལ་བའི་གནད་དོན་ཁྲོད་ཨོ་སོ་ཊོ་ལི་ཡ་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་རྣམས་གཏོང་ཕྱོགས་དང་འབྲེལ་ནས། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་ཨོ་སོ་ཊོ་ལི་ཡར་འགྲོ་མཁན་ཚོས་མཐའ་མའི་བཀའ་འཁྲོལ་མ་བྱུང་བར་དུ་བྲེལ་བ་མ་བྱེད་རོགས་གནང་ཞེས་བརྗོད་སོང་།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༧ ཉིན་རྒྱབ་ལས་ཁུངས་གོ་རིམ་བཞིན་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཤིག་གིས་ཨོ་སོ་ཊོ་ལི་ཡ་ལ་གཏོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་ཀྱི་ལས་གཞི་ལ་སྙན་ཞུ་འབུལ་མཁན་མང་པོ་ཡོད་སྟབས། བདེ་སྲུང་ལས་ཁུངས་ངོས་ནས་སྙན་ཞུ་དེ་དག་འགྲིགས་མིན་གང་མགྱོགས་ཐག་གཅོད་དགོས་པའི་སྐོར་བརྗོད་པར། བདེ་སྲུང་བཀའ་བློན་གྱིས་ཞིབ་འཇུག་གི་དུས་ཡུན་ཐུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་། སྙན་ཞུ་འགའ་ཤས་ལ་དུས་ཡུན་རིང་པོ་འགོར་དགོས་དོན་ནི་སྙན་ཞུ་འགའ་ཤས་ཁ་གསལ་མེད་པ་དང་། འགའ་ཤས་ཁ་གསལ་ཡོད་པའི་དབང་གིས་སྙན་ཞུ་འབུལ་མཁན་གཉིས་ཀྱི་དུས་ཚོད་མི་འདྲ་བ་ཡོང་གི་འདུག འགའ་ཤས་ལ་ཞིབ་འཇུག་ཚོགས་ཆུང་གིས་དུས་ཡུན་རིང་པོ་བཏང་ནས་ཞིབ་འཇུག་བྱེད་དགོས་པ་དང་། ཁ་གསལ་ཆགས་ཐུབ་མིན་ལ་བརྟེན་ནས་དུས་ཡུན་ལ་ཁྱད་པར་ཡོང་གི་འདུག་ཅེས་བརྗོད།
དེ་བཞིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་མི་མང་ཁྲོད་སྙན་ཞུ་ཕུལ་རྗེས་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་གང་རུང་ལ་ཐག་གཅོད་བྱུང་རྗེས། ད་ང་འགྲོ་ཆོག་ཆོག་རེད་བསམས་ནས་ལས་ཀ་དང་ཚོང་ལས་བཞག་པ། བུ་ཕྲུག་སློབ་གྲྭ་དང་མཐོ་སློབ་སོགས་ནས་ཕྱིར་འཐེན་བྱེད་པ་སོགས་ཡོང་གི་འདུག་པས། ང་ཚོའི་ངོས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཨོ་སོ་ཊོ་ལི་ཡ་ནང་བོད་མི་གནས་སྤོར་ལས་གཞི་དེར་རྐྱེན་ངན་བར་ཆད་ཆེན་པོ་རིགས་མ་བྱུང་ན། ལས་གཞི་དེ་མུ་མཐུད་ནས་ལོ་མང་རིང་འགྲོ་ཐུབ་རྒྱུའི་རེ་བ་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ལྷག་པར་དུ་ཨོ་སོ་ཊོ་ལི་ཡར་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ལས་ཁུངས་ངོས་ནས་དམིགས་བསལ་ཐུགས་འགན་བཞེས་ཀྱི་ཡོད་པས། ད་ལྟའི་གནས་སྤོར་ལས་གཞི་དེ་མུ་མཐུད་ནས་འགྲོ་ཐུབ་ཀྱི་རེད། ང་ཚོ་མི་མང་གི་ངོས་ནས་སྙན་ཞུ་འབུལ་མཁན་ཚང་མར་རྒྱན་རྒྱག་གི་ཡོད་པས། རྒྱན་ཐོབ་པ་རྣམས་ཀྱི་མིང་ཐོ་ཨོ་སོ་ཊོ་ལི་ཡའི་གཞུང་ཚབ་ཁང་ལ་འབུལ་དགོས་ཀྱི་ཡོད་པ་དང་། མིང་ཐོ་ཕུལ་ཚར་ནའང་ད་དུང་དུས་ཚོད་འགོར་གྱི་འདུག་པས། མི་མང་ཚོས་བྲེལ་བ་མ་བྱེད་རོགས། རྒྱུ་མཚན་ནི་མི་མང་པོ་ཞིག་གིས་བྲེལ་བ་བྱས་ནས་ཚོང་དང་ལས་ཀ་བཞག་ནས་ཕྱིར་སུ་དུས་ཡུན་རིང་པོ་འགོར་དུས། ང་ཚོར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག དེ་འདྲ་མ་གནང་རོགས་ཞེས་གསུངས། མཐའ་མ་མི་སྒེར་སོ་སོ་ལ་ཚེས་གྲངས་དེ་འདྲ་ཞིག་ལ་འཐོན་དགོས་རེད་ཅེས་བརྗོད་ནས་ལག་འཁྱེར་མ་སྤྲད་བར་དུ་བྲེལ་བ་མ་བྱེད་རོགས། བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་གང་མགྱོགས་ཡོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བརྗོད་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
