༢༠༢༠ ལོར་བཙན་བྱོལ་དུ་སྐུ་གྲོངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག
༢༠༢༠ ནི་འཛམ་གླིང་ཧྲིལ་པོའི་མི་རྒྱུ་ཟོག་གསུམ་ལ་བསམ་ཡུལ་ལས་འདས་པའི་བརྡབ་གསིག་དང་གནོད་སྐྱོན་ཐེབས་པའི་ལོ་ཞིག་ཡིན་པ་ལྟར། བོད་རྒྱལ་ཁབ་ཆེན་པོའི་རང་བཙན་བསྐྱར་གསོའི་ལས་འགུལ་ལའང་ནམ་ཡང་གུན་གསབ་བྱེད་ཐབས་བྲལ་བའི་གོད་ཆག་ཕོག་པའི་ལོ་ནག་ཅིག་ཀྱང་ཡིན་ཏེ། ལོ་འདིར་བོད་རྒྱལ་ཁབ་ཆེན་པོའི་ཆེད་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་མི་ལོ་བཅུ་ཕྲག་དུ་མ་རྒྱ་ནག་གི་བཙོན་ཁང་དུ་སྐྱེལ་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲགས་ཆེ་བ་མང་པོ་ཞིག་ང་ཚོ་དང་གྱེས་ཡོད་ལ། དེ་ཡང་ཕྱིར་རང་དབང་ཐོབ་པའི་ཕ་ཡུལ་དུ་ལོག་པའི་རྨི་ལམ་མངོན་དུ་མ་གྱུར་གོང་ལ་གཏན་དུ་ཕེབས་པ་ཡིན།
གཤམ་དུ་ ༢༠༢༠ ལོར་བཙན་བྱོལ་དུ་སྐུ་གྲོངས་པའི་ཆབ་སྲིད་བཙོན་ཟུར་གྲགས་ཆེ་འགའི་སྐུ་གྲོངས་པའི་ཚེས་གྲངས་བཀོད་ཡོད་དེ། སྟག་སྣ་འཇིགས་མེད་བཟང་པོ་ལགས། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་འདི་ལོའི་ཕྱི་ཟླ་༡༠ ཚེས་༡༧ ཉིན་སུད་སིའི་ས་གནས་ཋར་བྷན་ཐལ་(Turbenthal )ཞེས་པའི་རྒས་གསོ་ཁང་དུ་དགུང་ལོ་༩༡ ཐོག་སྐུ་གྲོངས། རྒྱལ་གཅེས་དཔའ་བོ་ཁོང་རྒྱ་ནག་གིས་སྔ་ཕྱིར་མི་ལོ་༣༧ ཙམ་བཙོན་དུ་བཅུག་ནས་སྡུག་སྦྱོང་མནར་གཅོད་སྣ་ཚོགས་བཏང་ན་ཡང་བོད་རང་བཙན་གྱི་མངོན་འདོད་གཏན་ནས་དོར་མྱོང་མེད།
ཨ་མ་ཨ་བདེ་ལགས། ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་འདི་ལོའི་ཕྱི་ཟླ་༨ པའི་ཚེས་༣ ཉིན་བཞུགས་སྒར་དྷ་སར་སྐུ་གྲོངས་པ་དང་། སྐུ་གྲོངས་པའི་སྐབས་དགུང་གྲངས་༨༨ ཡིན། ཁོང་གིས་མི་ལོ་ཧྲིལ་པོ་༢༧ རྒྱ་ནག་གི་བཙོན་ཁང་དུ་བསྐྱལ་བའི་རིང་བསམ་བརྗོད་ལས་འདས་པའི་མནར་གཅོད་སྣ་ཚོགས་མྱངས་ཡོད།
རྒན་བསྟན་འཛིན་ཆོས་གྲགས་ལགས། བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་བསྟན་འཛིན་ཆོས་གྲགས་ལགས་འདི་ལོའི་ཕྱི་ཟླ་༧ ཚེས་༢༧ ཉིན་དགུང་གྲངས་༧༩ ཐོག་བཞུགས་སྒར་དྷ་སར་སྐུ་གཤེགས་པ་དང་། ཁོང་གིས་རྒྱ་ནག་གི་བཙོན་ཁང་སྣ་ཚོགས་སུ་མི་ལོ་༡༡ ཙམ་གྱི་མནར་གཅོད་མྱངས་ཡོད།
དགེ་བཤེས་བྱམས་པ་རྒྱ་མཚོ་ལགས། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་འདི་ལོའི་ཕྱི་ཟླ་༧ ཚེས་༡༤ ཉིན་ཐའེ་ཝན་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་པའི་སྐབས་དགུང་གྲངས་༨༥ ཡིན། ཁོང་གིས་ལོ་༢༠ བཙོན་ཁང་དུ་བསྐྱལ་ནས་དཀའ་སྡུག་སྣ་ཚོགས་མྱངས་ཡོད།
བོད་ཀྱི་གྲགས་ཆེ་བའི་ཆབ་སྲིད་བཙོན་ཟུར་འདི་དག་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ལོ་འདིར་སྐུ་གྲོངས་ཡོད་ན་ཡང་། ཁོང་རྣམ་པ་སུ་གཅིག་གི་གྲོངས་རྐྱེན་ནད་ཡམས་དེ་ཆགས་མེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
