༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད།

༢༠༢༤ ཟླ་༡ ཚེས་༢༢ ཉིན་༧གོང་ས་མཆོག་གྷ་གྷལ་ནས་ཆིབས་བསྒྱུར་གནང་སྐབས། བོད་ཀྱི་བང་ཆེན་གསར་ཁང་གི་པར།


སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་དང་གནས་མཆོག་རྡོར་གདན་སོགས་སུ་དུས་ཡུན་ཟླ་གཅིག་དང་ཕྱེད་མ་ཟིན་ཙམ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།
ཕྱི་ལོ་ ༢༠༢༣ ཟླ་༡༢ ཚེས་ ༠༩ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ལྡི་ལིར་བརྒྱུད་དེ་འབྲས་ལྗོངས་སུ་ཕེབས། ཟླ་དེའི་ཚེས་༡༢ ནས་༡༤ བར་འབྲས་ལྗོངས་དང་ནུབ་བྷང་གྷལ་ས་ལུ་སྒར་སྲད་རྒྱུད་གྲྭ་ཚང་བཅས་སུ་ཆོས་འབྲེལ་བཀའ་དྲིན་བསྩལ། དེ་རྗེས་གནས་མཆོག་རྡོར་གདན་དུ་ཆིབས་བསྒྱུར་གནང་སྟེ། མགོན་པོ་གང་ཉིད་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་དབུ་འབྱེད་ཀྱི་མཛད་སྒོ་དང་། འཛམ་གླིང་ཞི་བདེའི་སྨོན་ལམ། དགེ་བཤེས་ལྷ་རམས་པའི་མཛད་སྒོ། སྔ་འགྱུར་རྙིང་མའི་སྨོན་ལམ་སོགས་ཀྱི་ཚོགས་མགོན་དུ་ཕེབས་ཏེ་བཀའ་སློབ་བཀའ་དྲིན་བསྩལ།

༢༠༢༤ ཟླ་༡ ཚེས་༢༢ ཉིན་༧གོང་ས་མཆོག་གྷ་གྷལ་ནས་ཆིབས་བསྒྱུར་གནང་སྐབས། བོད་ཀྱི་བང་ཆེན་གསར་ཁང་གི་པར།

ལྷག་ཏུ་བདག་ཅག་གི་སྟོན་པ་སངས་རྒྱ་སའི་གནས་མཆོག་ཁྱད་པར་ཅན་དུ་དད་ལྡན་ཁྲི་ཚོ་མང་པོར་དུས་ཡུན་ཉིན་གསུམ་རིང་ཆོས་དབྱིངས་བསྟོད་པའི་གསུང་ཆོས་དང་།  རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་གི་ཆོས་འབྲེལ་བཅས་བཀའ་དྲིན་བསྩལ། སྐབས་དེར་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝར་ཎའི་སློབ་ཟུར་ཐུན་མོང་། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་ཞ་ལུ་དགོན་པ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་དགེ་ལྡན་སྤྱི་ལས་ཁང་བཅས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། གཞན་ཡང་གནད་ཡོད་མི་སྣར་མཇལ་འཕྲད་གནང་བ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས།

བཞུགས་སྒར་༧རྒྱལ་བའི་ཕོ་བྲང་གི་མདུན་དུ་མགོན་པོ་མཆོག་ཕེབས་བསུ་ཞུ་བཞིན་པ།

ཕྱི་ལོ་༢༠༢༤ ཟླ་༡ ཚེས་ ༡༩ ཉིན་མགོན་པོ་གང་ཉིད་གནས་མཆོག་རྡོར་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཤིང་།  ཚེས་ ༢༢ ཉིན་སྔ་དྲོར་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད། དེའི་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་གི་སྤྱི་འཐུས་ཚོགས་གཞོན་དབུས་པའི་གཞུང་ཁོངས་མ་ཡིིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་འགོ་འཛིན་གཙོས་བཞུགས་སྒར་ཁུལ་གྱི་དད་ལྡན་སེར་སྐྱ་རྣམས་ཀྱིས་གྷ་གྷལ་གནམ་ཐང་ནས་བཞུགས་སྒར་གྱི་ཕེམས་ལམ་གཡས་གཡོན་སོགས་ནས་སེར་མོ་བ་རྣམས་ཀྱིས་དུང་དང་རྒྱང་གླིང་ཐོགས་ཏེ་སེར་ཕྲེང་དང་། སྐྱ་བོ་ཚོས་དཀར་གཙང་མཇལ་དར་དང་དྲི་ཞིམ་གྱི་བདུག་སྤོས་སྣེས་དྲངས་ཏེ་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་ཞུས།


གསར་འགོད་པ། བསྟན་འཛིན་ལམ་བཟང་།