༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ལ་སྤྱི་མོས་རྒྱབ་སྐྱོར་བྱུང་འདུག 

ཟླ་༢ པའི་ཚེས་༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣ པ་དེ། ཕྱི་ལོ་༢༠༢༡ ཟླ་༡ ཚེས་༡༤ ཉིན་དྲ་རྒྱ་བརྒྱུད་ཤྲི་ལངྐའི་རྒྱལ་ས་རུ་འཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་ཚོགས་གཙོ་གབ་ཇུ་ཆོས་ཇམ་སི་(Gabju D. Choijamts) དང་། ཚོགས་གཞོན་བྱང་ཆུབ་ཆོས་སྒྲོན། དཱ་བླ་མ་ (Da Lama Kh) དྲུང་ཆེ་བྷིམ་བྷ་ཇབ་ (Bymbajav) དྲུང་གཞོན་བསོད་ནམས་དབང་ཕྱུག དེ་བཞིན་ཤྲི་ལངྐའི་སྲིད་འཛིན་སྐུ་ཞབས་གྷོ་ཊ་བྷ་ཡ་ར་ཇཱ་པག་ས་ (Gotabaya Rajapaksa) མཆོག་སོགས་མཉམ་ཞུགས་གནང་ཡོད་པ་རེད། 

ཤྲི་ལངྐའི་གྲོས་ཚོགས་འཐུས་མི་ཝི་ཇེ་ཡ་དཱ་ས་ར་ཇཱ་པག་ཤེ་(Wijeyadasa Rajapakshe) ཡིས་གཏམ་བཤད་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། དྲ་རྒྱ་བརྒྱུད་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣ པའི་ཐོག་མཉམ་ཞུགས་གནང་སྟེ། ༸གོང་ས་མཆོག་གི་མ་འོངས་ཡང་སྲིད་དང་འབྲེལ་བའི་གཤམ་གསལ་ནད་དོན་གསུམ་གྱི་ཐོག་གསུང་བཤད་གནང་ཡོད་པ་རེད།
༡༽ མ་འོངས་པར་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ།

༢༽ ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན།

༣༽ ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་ཐག་གཅོད་གནང་ཕྱོགས་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུན་འཛིན་ལག་ལེན་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་ཞུ་རྒྱུ་ཡིན་པ་བཅས་ཡིན་པ་རེད། ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༣ པའི་ཐོག་ཚོགས་མི་རྣམ་པས་སྤྱི་མོས་ཀྱིས་དེར་རྒྱབ་སྐྱོར་གནང་ཡོད་པ་མ་ཟད།  གྲོས་ཆོད་གཞན་ཁག་གཅིག་གི་སྐོར་ལའང་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།