༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་དེབ་གསར་པ་ཞིག་འགྲེམས་སྤེལ་གནང་འདུག
ཟླ་༡༡ པའི་ཚེས་༡༦ ཉིན་དེ་སྔོན་མཐོང་མྱོང་མེད་པའི་སྐུ་པར་དང་ཡིག་ཆ་སྣ་མང་ཡོད་པའི་༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་དེབ་གསར་པ་ཞིག་རྒྱ་གར་གྱི་པར་སྐྲུན་ཁང་རཱོ་ལི་(ROLI)ཡིས་དངོས་སུ་འགྲེམས་སྤེལ་གནང་འདུག
དེ་ཡང་ཤོག་ངོས་༣༥༢ ཅན་གྱི་“སྐུ་པར་ལྡན་པའི་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་” (His Holiness the Fourteenth Dalai Lama: An Illustrated Biography) ཞེས་པ་དེ་ནི་བཀའ་ཟུར་བཀྲས་ཐོང་བསྟན་འཛིན་དགེ་བྱེད་ཀྱིས་ལོ་ལྔ་ལྷག་རིང་དཀའ་ལས་བརྒྱབ་ནས་བྲིས་པ་ཞིག་ཡིན་འདུག་པ་དང་། དེབ་དེའི་ནང་དེ་སྔོན་མཐོང་མྱོང་མེད་པའི་སྐུ་པར་དང་ཡིག་ཆ་༤༠༠ ལས་མང་བ་ཡོད་པ་དང་། དེབ་ཀྱི་མགོ་ལ་༧གོང་ས་མཆོག་གི་གསུང་འཕྲིན་དང་། མངའ་རིས་རིན་པོ་ཆེས་སྔོན་གླེང་བྲིས་གནང་ཡོད་འདུག
ད་ལྟའི་ཆར་དེབ་འདི་དབྱིན་ཡིག་ཐོག་པར་སྐྲུན་གནང་ཡོད་ཀྱང་། མ་འོངས་པར་ཧོ་ལན་ཌ། ཨུ་རུ་སུ། འཇར་མན། ཨི་ཊ་ལི། ཨཱི་སི་ཏོ་ནི་ཡ། ཆེག ལཱི་ཐུ་ནི་ཡ། སཱེ་ལོ་ཝེག་སོགས་ཀྱི་སྐད་ཡིག་ཐོག་ནས་པར་སྐྲུན་བྱེད་འཆར་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
