༧གོང་ས་མཆོག་གིས་ནིའུ་ཛི་ལན་ཌིའི་སྲིད་བློན་གསར་པར་འཚམས་འཕྲིན་གནང་།


ཕྱི་ཟླ་བ་ ༡༠ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛི་ལན་ཌིའི་བདམས་ཐོན་སྲིད་བློན་ཀྲྀ་སི་ལུ་སན་ (Christ Luxon) ལ་འཚམས་འདྲི་གནང་འདུག

དེ་ཡང་མགོན་པོ་གང་གིས་འཚམས་འཕྲིན་ནང་དུ། བདམས་ཐོན་སྲིད་བློན་ཁོང་གི་སྲིད་དོན་ཚོགས་པར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན་པར་གསུངས་པ་མ་ཟད།

ད་ཆར་འཛམ་གླིང་ཁྱོན་ཡོངས་སུ་གཅིག་ལ་གཅིག་རྟེན་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་འཛམ་བུ་གླིང་དུ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་ལ། ང་ཚོའི་སྤྱི་མཐུན་གྱི་འབད་རྩོན་ལ་བརྟེན་ནས་ཕུགས་སུ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་བཟང་ས་ནས་རྒྱག་གནང་གི་ཡོད་པར་གསུངས།

དེ་བཞིན་ནིའུ་ཛི་ལན་ཌིའི་རྒྱལ་ཁབ་ལ་འཛམ་གླིང་གི་ཞི་བདེ་གོང་མཐོར་གཏང་རྒྱུའི་ནུས་པ་ཡོད་པ་དང་། ཁོང་གིས་ནིའུ་ཛི་ལན་ཌིས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་སྲིད་བྱུས་བཟུང་བ་དེར་རྒྱལ་ཁབ་གཞན་ཚོས་དོ་སྣང་དང་ལག་བསྟར་བྱེད་དགོས་པའི་བརྡ་ལན་ཞིག་ཆགས་ཡོད་པ་དང་།  མཐར་ཐུག་ན་གོ་མཚོན་མེད་པ་བཟོ་རྒྱུ་དེ་སའི་གོ་ལ་འདི་ང་ཚོ་ཀུན་གྱི་ཕ་ཁྱིམ་བཟང་པོ་ཞིག་ཏུ་བསྐྲུན་རྒྱུའི་ཐབས་གཅིག་པོ་དེ་ཡིན་པར་གསུངས་པ་དང་།

གཞན་ཡང་མགོན་པོ་གང་ཉིད་ནིའུ་ཛི་ལན་ཌི་ལ་ཐེངས་འགའ་ཤས་ཕེབས་རྒྱུའི་གོ་སྐབས་བྱུང་བ་དང་། སྐབས་དེར་སྤྱི་ཚོགས་ཁྱོན་ཡོངས་ནས་ཁོང་གིས་སྙིང་རྗེ་དང་། དགོངས་ཡངས། བཟོད་སྒོམ། ཆོག་ཤེས། རང་འགན་རང་ཁུར། ཆོས་ལུགས་མཐུན་འབྲེལ་ལྟ་བུའི་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏང་རྒྱུའི་འབད་རྩོལ་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བྱུང་། ཁོང་ཚོའི་དོ་སྣང་དང་གྲོགས་པོའི་འདུ་ཤེས་ཀྱིས་མགོན་པོ་གང་ལ་སེམས་འགུལ་ཆེན་པོ་ཐེབས་པར་གསུངས་ཏེ།  མ་འོངས་པར་ནིའུ་ཛི་ལན་ཌི་མི་མང་གི་མངོན་འདོད་དང་བྱ་བ་གང་སྒྲུབ་ལམ་འགྲོ་ཡོང་བའི་ཐུགས་སྨོན་གནང་རྒྱུ་ཡིན་པར་འཁོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།