༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་སྲུང་བརྩི།

“བོད་མི་རྣམས་བོད་ས་ནང་ཁུལ་དུ་འགྲོ་འདུག་བྱེད་པའི་རང་དབང་ལའང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་སོགས་ནི་བོད་མི་ཚོར་དོན་དམ་གྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་པ་གསལ་པོ་ཡིན། བོད་མིའི་ཐོག་དམ་དྲག་ཇི་ཡོད་ཀྱི་གནས་སྟངས་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྙན་ཐོ་ཐེ་བའི་རྒྱལ་སྤྱིའི་ཁུངས་འཕེར་གྱི་སྙན་ཐོ་མང་པོའི་ནང་གསལ་བཀོད་བྱས་འདུག་”ཅེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བཀའ་ཤག་གིས་གསུངས་སོང་།

ཟླ་༡༢ པའི་ཚེས་༡༠ ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱིས། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོར་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར། འདི་ལོར་གཟེངས་རྟགས་ཕུལ་ནས་ལོ་ངོ་༢༩ འཁོར་བའི་དུས་དྲན་ཉིན་ལ། རྡ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ་འཚོགས་ཡོད་པ་རེད།

མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེར་ཌེབ་ཀྲམ་ཏ་དང་། དམིགས་བསལ་སྐུ་མགྲོན་ཀོང་གྷོ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌེ་རིཡ་པཱ་པུ་ནོམ་བྷི་མཱ་ལི་ཝ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཙོས་མཛད་གཙོ་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་གཙོས་སྤྱི་འཐུས་རྣམ་པ། དེ་བཞིན་ས་གནས་ཀྱི་མི་མང་དང་སློབ་མ་བཅས་མཉམ་ཞུགས་གནང་སོང་།

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་སོང་། གསུང་འཕྲིན་ནང་དུ་ཐོག་མར་ནོ་སྦེལ་གཟེངས་རྟགས་ཀྱི་བྱུང་རིམ་ལོ་རྒྱུས་དང་། ༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ཞིབ་ཕྲ་བཀོད་རྗེས། “ཉེ་ཆར་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་སྐབས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་༸གོང་ས་མཆོག་གི་མཛད་འཕྲིན་དག་ལ་ཡིད་སྨོན་དང་། གུས་བརྩི། བསྔགས་བརྗོད་གནང་བ་མ་ཟད། བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་གནང་ཡོད། དེ་བཞིན་རྒྱལ་སྤྱིའི་ནང་གི་གཞུང་དང་། གྲོས་ཚོགས། སྤྱི་སྒེར་སྒྲིག་འཛུགས་ཁག་མང་པོས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་དུས་ལ་རན་པའི་མིའི་བློ་སྟོབས་མང་གཙོའི་རང་དབང་དང་། དྲང་བདེན། འཚེ་མེད་ཞི་བ་བཅས་ཀྱི་ལམ་དུ་ཕྱོགས་ཀྱི་ཡོད་པ་ཡོངས་གྲགས་ཡིན་ནའང། རྒྱ་ནག་གཞུང་གིས་འཁྲེག་འཛིན་གྱི་སྲིད་བྱུས་དུས་ད་ལྟའང་ལག་བསྟར་བྱེད་བཞིན་པར་བརྟེན། ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་སུད་སི་གྲོང་ཁྱེར་ཇི་ནེ་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་བོད་པ་དང་། ཡུ་གུར་བ། ནང་སོག དེ་བཞིན་ཐེ་ཝན་དང་། ཧོང་ཀོང་བཅས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། བོད་ནང་ལ་ཆ་བཞག་ན་རྡོ་པོ་ལགས་ཀྱིས་གཙོས་ད་བར་ཁྱོན་བོད་རིགས་གྲངས་ ༡༥༣ ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད། དེའི་ཁོངས་ནས་ ༡༣༡ འདས་གྲོངས་སུ་ཕྱིན་ཡོད་ཅེས་འཁོད་འདུག

སྤྱི་འཐུས་ཀྱི་གསུང་འཕྲིན་ནང་རྒྱ་མིའི་བོད་བཟུང་བའི་སྲིད་ཇུས་ཁོར་ཡུག་སྐོར་འཁོད་དོན། “རྒྱ་ནག་དམར་གཞུང་གིས་བོད་རྒྱལ་ཁབ་ཀྱི་སྣོད་བཅུད་ཡོངས་སུ་རྫོགས་པ་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་༡༠ པ་དང་༡༡ སོ་སོའི་ནང་བོད་ནང་གི་ཡར་ཀླུང་གཙང་པོ་དང་འབྲི་ཆུ་སོ་སོའི་ནང་རི་རུད་ཀྱི་རྐྱེན་པས་ཆུ་སྣ་འགགས་པ་དང་། མཚོ་གླིང་གསར་ཆགས་ཀྱིས་ཉེ་འདབས་ཀྱི་གྲོང་ཚོ་མང་པོར་ཆུ་རུད་ཕོགས་ཏེ་ལོ་རྒྱུས་ལྡན་པའི་དགོན་པ་དང་། ཡུལ་ཁྱིམ། སློབ་གྲྭ གྲྭ་ཤག་སོགས་ཆུས་བསྣུབས་པ་དང་། འགྲོ་ལམ་འགག་པ། ཡུལ་མི་སྟོང་ཕྲག་མང་པོ་ས་གནས་གཞན་དུ་གནས་སྤོ་བྱ་དགོས་པ་སོགས་ཀྱི་ཛ་དྲག་དཀའ་ངལ་ཅི་ཆེ་ཕྲད་དང་འཕྲད་བཞིན་པ་ནི་རྒྱ་ནག་དམར་གཞུང་གིས་བོད་ནང་གི་ཁོར་ཡུག་ལ་སྣང་མེད་ཐོག་རྒྱུ་རྔམ་ཧམ་སེམས་ཆེན་པོས་གཏེར་ཁ་སྔོགས་འདོན་དང་། ཆུ་རགས་གསར་རྒྱག་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་ནོར་འཁྲུལ་དེ་དག་ཁས་ལེན་པའི་ཐོག་ནས་བོད་རིགས་སྤུན་ཟླ་དེ་དག་གི་དཀའ་ངལ་གཙང་སེལ་བྱ་རྒྱུའི་འགན་ཁུར་ཡོད་པ་བཞིན་ངེས་པར་དུ་གླེང་སློང་ཐོག་དཀའ་སེལ་རོགས་སྐྱོར་འཕྲལ་མར་བྱེད་དགོས་པའི་སྐུལ་མ་བྱ་རྒྱུ་མ་ཟད། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་དག་གློད་བཀྲོལ་དགོས་པ་དང་། ད་ལྟའི་རྒྱ་དམར་གཞུང་གི་འཁྲེག་འཛིན་གྱི་སྲིད་བྱུས་ངན་པ་དེ་དག་དོར་ཏེ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པའི་བསྐྱར་ནན་ཞུ་བཞིན་ཡོད་”ཅེས་འཁོད་འདུག

སྤྱི་འཐུས་ཀྱིས་བོད་དོན་བདེན་མཐའ་གསལ་ཆེད་ལས་དོན་ཕྱོགས་སྐོར་འཁོད་དོན། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཐོབ་སླད་རྒྱལ་སྤྱིའི་ནང་གཞུང་དང་། གྲོས་ཚོགས་ཁག སྒྲིག་འཛུགས་གཞན་སོགས་ཀྱིས་བོད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་ཐབས་ཆེད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཆེད་ཕེབས་གནང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱ་གར་གྱི་མངའ་སྡེ་ཁག་དང་རྒྱལ་ཁབ་གཞན་ཁག་ནང་ཆ་བགོས་ཀྱིས་བོད་དོན་ཞུ་སྐུལ་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་དང་། ལྷག་པར་རྒྱ་གར་གྱི་མངའ་སྡེ་སོ་སོའི་ནང་གནད་ཡོད་མི་སྣ་མཇལ་འཕྲད་སོགས་ཀྱི་ལས་དོན་ཆ་ཚང་ཚགས་ཚུད་ལེགས་གྲུབ་ཀྱིས་རྒྱབ་སྐྱོར་ཡང་གང་ལེགས་ཐོབ་བཞིན་ཡོད་ན་དགའ་སྤོབས་དང་བཅས་དེ་རིང་གོ་སྐབས་འདི་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་མཁྱེན་རྟོགས་ཆེད་སྙན་གསན་ཞུ་འདོད་བྱུང་། བོད་མི་རྩམ་ཟན་ཡོངས་ནས་ཡིད་ལ་བཅང་དགོས་པའི་གནད་དོན་གལ་ཆེ་བ་ཞིག་ནི། རང་ཅག་བོད་མི་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་དང་མགོན་དཔུང་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ད་ཆ་དགུང་ལོ་མཐོ་རུ་ཕེབས་བཞིན་པ་དང་། མགོན་པོ་གང་ཉིད་མཆོག་ནི་འཛམ་གླིང་འདིའི་སྟེང་༸སྐུ་འཚོ་བཞུགས་ཡོད་པ་ཙམ་གྱིས་རང་ཅག་རྣམས་ལ་བསོད་ནམས་ཀྱི་དཔལ་གྱི་ཉི་མའི་འོད་མདངས་བཞིན་བདེ་སྐྱིད་སྦྱིན་ངེས་ལ་སོང་། ༸གོང་ས་མཆོག་གིས་འདི་ལོར་ལ་དྭགས་སུ་བཀའ་སློབ་ཟབ་མོ་ཇི་ཕེབས་བཞིན་༸གོང་ས་མཆོག་༸སྐུ་ཚེ་རིང་དུ་བཞུགས་ཕྱིར་སྤྱི་སྒེར་སྒྲིག་འཛུགས་དང་ཚོགས་སྡེ་ཁག་བཅས་ནས་མཇལ་ཞུ་སོགས་འབྲེལ་ཡོད་ཚང་མས་སྔར་ལས་ཉུང་འཕྲི་ཡོང་ཐབས་ཀྱི་དགོངས་བཞེས་གནང་དགོས་པ་གལ་ཆེ་དང་། དེ་བཞིན་ཉེ་ཆར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་བརྒྱུད་སྙན་གསེང་གིས་༸སྐུ་ངལ་མང་ཙམ་གསོ་ཐབས་ཡོང་བ་བཅས་གསོལ་འདེབས་སྙན་སྐུལ་ཞུས་ཡོད་པས་འབྲེལ་ཡོད་ཚང་མས་ཕྱག་བསྟར་མཇུག་སྐྱོང་གནང་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།”ཞེས་འཁོད་འདུག

 

རྡ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་གིས། ཉེ་བའི་ཆར་རྒྱ་གར་ལྷོ་ཕྱོགས་ཀི་རི་ལར་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་བྱུང་སྐབས། བོད་མི་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག་ནས་རོགས་དངུལ་བསྡུ་རུབ་ལས་འགུལ་ཁྱབ་ཆེན་བྱས་པར་ཐུགས་རྗེ་ཆུ་ཞུས་ནས། ལོ་ལྟར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་སྲུང་བརྩི་ཞུ་ཆེད། རྡ་སའི་ཁུལ་དུ་ཧི་མ་ལ་ཡའི་དུས་སྟོན་གོ་སྒྲིག་བྱེད་ཀྱི་ཡོད་པ་ལྟར། བོད་མི་སྒྲིག་འཛུགས་ཀྱིས་རོགས་དངུལ་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ནས། རྡ་སའི་ཁུལ་གྱི་ཡུལ་མི་རྣམས་ཀྱིས་རྟག་ཏུ་༧གོང་ས་མཆོག་གི་བཀའ་སློབ་སེམས་ལ་བཅང་ནས་ལས་དོན་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང་།

དམིགས་བསལ་སྐུ་མགྲོན་ཀོང་གྷོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌེ་རིཡ་པཱ་པུ་ནོམ་བྷི་མཱ་ལི་ཝ་ཡིས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ལ་བརྟེན་ནས། བོད་མི་རྣམས་བཙན་གནོན་དང་ཡུལ་གྱར་གྱི་དཀའ་སྡུག་ཆེན་པོ་མྱངས་བཞིན་ཡོད་ཀྱང་། ཞི་བ་དང་འཚེ་བ་མེད་པའི་ཐོག་ནས་འཐབ་རྩོད་བྱེད་བཞིན་ཡོད་པ་དེ་བསྔགས་འོས་པ་ཡིན་པ། དེ་བཞིན་ཀོང་གྷོ་རྒྱལ་ཁབ་ནང་དུ་ཡང་རྒྱ་ནག་གཞུང་གིས་ཁུལ་དེའི་དཔོན་པོ་རུལ་སུངས་ཅན་དང་ལག་སྦྲེལ་བྱས་ཏེ། ཁོར་ཡུག་གཏོར་སྐྱོན་ཆེན་པོ་བྱེད་བཞིན་ཡོད་སྐོར་དང་། ཁོང་དེ་གར་སླེབས་དགོས་དོན་ནི་བོད་མི་དང་ཀོང་གྷོ་གཉིས་ཀྱི་དགྲ་བོ་གཅིག་པ་ཡིན་ནས་མིན་པར། རེ་བ་གཅིག་པ་ཡིན་པས་སླེབས་པ་ཡིན་པ། དེ་ཡང་བོད་དང་ཡུ་གུར། ཀོང་གྷོ་བཅས་ལ་ཞི་བདེ་ཡོང་བའི་རེ་བ་གཅིག་པ་ཡོད་པ་ཡིན་སྐོར་གསུངས་སོང་།

 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་དང་། ཐོག་མར་༧གོང་ས་མཆོག་གི་མཛད་འཕྲིན་སྐོར་དང་། དེ་ནས་ཉིན་མོ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཡང་སྲུང་བརྩི་ཞུ་ཡི་ཡོད་ཀྱང་། “བོད་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པའི་གནས་སྟངས་འོག་ཡོད། བོད་ནང་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་སོ་སོའི་དགོངས་དོན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་སྲུང་སྤེལ་དང་མངོན་འདོད་བཏོན་པ་ཙམ་གྱིས་འཛིན་བཟུང་དང་བཙོན་འཇུག་སོགས་བྱེད་པའི་གནས་སྟངས་ཡོད་བཞིན་པ་བཅས་ལ་བརྟེན་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་རྣམ་པ་དང་གཞི་རྒྱ་ཆེ་ཆུང་འདྲ་མིན་གྱི་ཐོག་ནས་ཞི་བའི་ངོ་རྒོལ་རིམ་བསྟུད་བྱས་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་ ༡༥༣ གྱིས་རང་གི་རྩ་ཆེའི་ཚེ་སྲོག་བློས་བཏང་གིས་ ‘བོད་ལ་རང་དབང་དགོས་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས།’ ཞེས་བོད་མི་རིགས་ཀྱི་མངོན་འདོད་ཀྱི་འབོད་སྒྲ་སྒྲོག་བཞིན་རང་ལུས་མེར་སྲེག་གནང་ཡོད། ཉེ་སྔོན་ཟླ་བ་གཅིག་ཙམ་གོང་དུ་ཨ་མདོ་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་པ་ནས་ཡིན་པའི་ན་གཞོན་རྡོ་པོ་ལགས་ཀྱིས་ ‘༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་པ་དང་། གསེར་ཞལ་མྱུར་དུ་མཇལ་བར་ཤོག’ ཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད་”ཅེས་འཁོད་འདུག

རྒྱ་ནག་གིས་བོད་ལ་དམ་དྲག་བྱེད་བཞིན་སྐོར་འཁོད་དོན། “བོད་མིའི་ཐོག་དམ་དྲག་ཇེ་ཆེར་གཏོང་ཆེད་འདི་ལོའི་ལོ་འགོ་ཙམ་ནས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཟེར་བས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་ཟེར་བ་དོན་ཚན་ཉེར་གཉིས་ཅན་ཞིག་བཏང་བ་དེ་དག བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མིན་པར་བོད་ས་གཞན་དག་རྣམས་ལའང་ལག་བསྟར་བྱེད་བཞིན་ཡོད་འདུག བརྡ་ཁྱབ་དེའི་ནང་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དེ་བཞིན་དབུ་མའི་ལམ་སྐོར་དྲིལ་བསྒྲགས་བྱས་པ་ཡིན་ན་ལོག་སྤྱོད་ཀྱི་བསམ་བློ་དང་གུ་དོག་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པའི་ཉེས་འཛུགས་བྱས་ཏེ་ཐེར་འདོན་གྱིས་རྡུང་རྡེག་གཏོང་དགོས་སྐོར་བརྗོད་འདུག ཕ་སྐད་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་འགན་སྲུང་བྱས་ཡོད། དེ་བཞིན་རྒྱ་གཞུང་གི་འགོ་འཁྲིད་ཚོས་༸གོང་ས་མཆོག་དང་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ནས་ཡོད་སྐོར་བསྒྲགས་བཞིན་ཡོད་ནའང། ༸གོང་ས་མཆོག་གི་ངོས་ནས་བོད་ཀྱི་གནད་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སེལ་རྒྱུ་དང་། དེ་ཡང་དབུ་མའི་ལམ་ནི་ཕན་ཚུན་དབར་གྱི་འབྲེལ་མོལ་གྱི་གཞི་རྩ་ཡང་ཡིན་པ་དེར་རྒྱབ་སྐྱོར་བྱེད་ན་ཁ་བྲལ་དང་ནག་གཤེད་ཕྱོགས་གཏོགས་ཀྱི་ཞྭ་མོ་གཡོགས་པ་ནི་ཁ་ཞེ་མི་མཚུངས་པ་ཡིན་པ་གསལ་པོ་རེད། དེ་བཞིན་བོད་མི་ཚོར་ཕྱི་རྒྱལ་ཡུལ་ཁག་ཏུ་ཡུལ་སྐོར་དང་། གཉེན་འཕྲད། གནས་མཇལ་སོགས་ལ་འགྲོ་རྒྱུར་ཡང་རྒྱ་ནག་གཞུང་ནས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་དང་ཕྱི་བསྐྱོད་ལག་འཁྱེར་སྤྲད་ཟིན་པ་རྣམས་ཕྱིར་བསྡུ་བྱེད་པ། ལྷག་པར་བོད་མི་རྣམས་བོད་ས་ནང་ཁུལ་དུ་འགྲོ་འདུག་བྱེད་པའི་རང་དབང་ལའང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་སོགས་ནི་བོད་མི་ཚོར་དོན་དམ་གྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་པ་གསལ་པོ་ཡིན། བོད་མིའི་ཐོག་དམ་དྲག་ཇི་ཡོད་ཀྱི་གནས་སྟངས་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྙན་ཐོ་ཐེ་བའི་རྒྱལ་སྤྱིའི་ཁུངས་འཕེར་གྱི་སྙན་ཐོ་མང་པོའི་ནང་གསལ་བཀོད་བྱས་འདུག་པས་ཞིབ་རྒྱས་ཞུ་དགོས་མ་མཐོང་”ཞེས་འཁོད་འདུག

བཀའ་ཤག་གི་གསུང་འཕྲིན་ནང་བོད་ཀྱི་ཁོར་ཡུག་སྐོར་འཁོད་དོན། “ཕྱི་ལོ་ ༡༩༤༩ ལོར་བོད་སར་བཙན་འཛུལ་བྱས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གང་བྱུང་ཤིང་སྣ་གཅོད་བྲེགས་དང་། གཏེར་ཁ་བསྔོགས་འདོན། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་ནང་གློག་མཁོ་འདོན་བྱ་ཆེད་ཆུ་མཛོད་མང་པོ་བརྒྱག་པ། དེ་མིན་གྱི་འཛུགས་སྐྲུན་གཞན་སོགས་ཚད་ལས་བརྒལ་བ་བྱས་རྐྱེན་འབྲི་ཆུའི་རྒྱུད་དུ་ཆགས་པའི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་འབྲི་ཆུ་ཐེངས་གསུམ་ཙམ་འགག་པའི་གནས་སྟངས་བྱུང་ནས་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་ཡོད། དེ་རིགས་མི་ཡོང་ཆེད་རྒྱ་ནག་གཞུང་གིས་བཟོ་ལས་འཛུགས་སྐྲུན་དང་གཏེར་ཁ་གང་བྱུང་བསྔོགས་འདོན་གྱི་ལས་གཞི་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན།”ཞེས་དང་། ཟླ་༡༡ པའི་ཚེས་༦ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་བྱས་སྐབས་བོད་དོན་ལ་རྒྱབ་སྐྱོར་དང་སེམས་ཁུར་གནང་མཁན་རྒྱལ་ཁབ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མི་རབས་རྒན་པ་ཚོས་སྐུ་ལས་ཇི་བསྐྱོན་རྣམས་དང་། ཁྱད་པར་༸གོང་ས་མཆོག་གི་དགུང་ནའི་བབ་དང་བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་ཐོག་དགོངས་པ་ཆེ་བཞེས་ཀྱིས་རང་འཁྲིའི་ལས་འགན་ལྷག་བསམ་རྣམ་དག་བསྒྲུབ་རྒྱུས་མཚོན། བོད་དོན་བདེན་མཐའ་གསལ་རྒྱུར་ཕྱར་གྲུ་མཉམ་འདེགས་ཞུ་དགོས་པ་དང། དེ་ལྟར་དོན་འབྲས་སོན་པར་སྤྱི་མཐུན་བསོད་ནམས་གསོག་རྒྱུར་ཡང་ཚང་མས་དམ་དོན་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

 

སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེར་ཌེབ་ཀྲམ་ཏ་མཆོག་གིས། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེས། གཟེངས་རྟགས་ཀྱི་ཆེ་མཐོང་ཆེ་རུ་ཕྱིན་ཡོད་པ་དང་། དེང་དུས་འཛམ་གླིང་ནང་རྩོད་རྙོག་དང་ཁོར་ཡུལ་གཏོར་སྐྱོན་སོགས་ཀྱི་ཁྲོད་དུ། ༧གོང་ས་མཆོག་ནི་དུས་ཀྱི་དགོས་མཁོ་ངེས་ཅན་ཞིག་ཆགས་ཡོད་པ་དང་། ༧གོང་ས་མཆོག་བོད་དང་རྒྱ་གར་ཙམ་གྱི་ཆེད་དུ་མ་ཡིན་པར། རྒྱ་ནག་དང་འཛམ་གླིང་མི་མང་གི་ཆེད་དུ་སྐུ་ཚེ་རིང་པོ་གནས་པའི་སྨོན་ལམ་ཡོད་སྐོར་གསུངས་སོང་།

མཛད་སྒོའི་སྐབས་སུ་བོད་ཀྱི་ཟློས་གར་ཚོགས་པ་དང་དེ་བཞིན་ཉེ་འཁོར་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག་རུ་ཁག་ནས་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་དང་། ཉིན་མོ་དེ་ནི་རྒྱལ་སྤྱིའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།