༧གོང་ས་མཆོག་གིས་བདེ་སྐྱིད་སྐྲུན་ཐབས་སྐོར་བགྲོ་གླེང་དང་བཀའ་སློབ་གནང་འདུག 

༧གོང་ས་མཆོག་ནས་དེང་དུས་ཤེས་ཡོན་གྱི་སྡེ་ཚན་ནང་སེམས་ཞི་བདེ་ཡོང་ཐབས་སྐོར་གྱི་སློབ་ཚན་འཇོག་དགོས། གཟུགས་པོ་བདེ་ཐང་དང་ནང་མི་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཆོས་དད་དང་དམིགས་བསལ་འབྲེལ་བ་གང་ཡང་མེད། དེ་ནི་གཙོ་བོ་སེམས་པ་བཟང་པོ་ཞིག་ཡོད་ན་འགྲིག་གི་ཡོད་ཅེས་བཀའ་སློབ་བསྩལ་གནང་འདུག 

ཟླ་༧ པའི་ཚེས་ ༢༨ ཉིན་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བདེ་སྐྱིད་ཀྱི་ལས་འགུལ་ཚོགས་པ་གསར་འཛུགས་གནང་མཁན་དང་། དབྱིན་་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ལོན་ཌོན་དཔལ་འབྱོར་རིག་པའི་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པའི་སློབ་དཔོན་རི་ཆར་ཌི་ལེ་ཡར་ཌི་ལགས་དང་ལྷན་དུ། འཛམ་གླིང་སྔར་ལས་ལྷག་པའི་བདེ་སྐྱིད་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་མོལ་མཛད་ཡོད་པ་རེད། 

སློབ་དཔོན་ཆར་ཌི་ལེ་ཡར་ཌི་ལགས་ཀྱིས་༧གོང་ས་མཆོག་ལ་ང་ཚོས་སེམས་པ་བཟང་པོ་ཇི་ལྟར་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པའི་སྐབས། བཀའ་ལན་བསྩལ་དོན་ལ། སེམས་པ་བཟང་པོ་ཀུན་ནས་བླངས་ཏེ་གཞན་གྱི་བདེ་སྡུག་ལ་ཐུགས་ཁུར་གནང་དགོས། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་རེད། མི་སྒེར་སོ་སོའི་འཚོ་བ་ནི་སྤྱི་ཚོགས་ལ་བརྟེན་ཡོད། ང་ཚོ་སྐྱེས་མ་ཐག་ཨ་མའི་བྱམས་བརྩེ་ལ་བརྟེན་དགོས་པ་དང་། ང་ཚོ་འཚོ་བར་ཨ་མའི་བྱམས་བརྩེ་ནི་གཙོ་བོ་དེ་ཆགས་ཡོད། གལ་ཏེ་ཨ་མས་བྱམས་སྐྱོང་མ་གནང་ཚེ་སྐྱེས་མ་ཐག་གི་ཕྲུ་གུ་དམར་འབྱར་དེ་འཆི་རྒྱུ་རེད། ང་ཚོ་ཚང་མ་ཨ་མའི་མངལ་ནས་སྐྱེས་པ་རེད། ཨ་མའི་འོ་མ་ལ་བརྟེན་ནས་ང་ཚོ་འཚར་ལོངས་འབྱུང་གི་ཡོད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་པའི་ཆ་ནས་ཕན་ཚུན་བྱམས་སྐྱོང་གནང་རྒྱུ་དེ་གཙོ་བོ་ཆགས་ཡོད། ཕན་ཚུན་བྱམས་སྐྱོང་གནང་རྒྱུ་དེ་དམིགས་བསལ་ཆོས་དད་དང་འབྲེལ་བ་ཆགས་དགོས་པའི་ངེས་པ་མེད། ད་ལྟ་ང་ཚོའི་ཤེས་ཡོན་ལམ་ལུགས་འདི་གཙོ་བོ་ནུབ་ཕྱོགས་ནས་དར་བ་རེད། དེང་དུས་ཤེས་ཡོན་གྱི་སྡེ་ཚན་ནང་སེམས་ཞི་བདེ་ཡོང་ཐབས་སྐོར་གྱི་སློབ་ཚན་འཇོག་དགོས། གཟུགས་པོ་བདེ་ཐང་དང་ནང་མི་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཆོས་དད་དང་དམིགས་བསལ་འབྲེལ་བ་གང་ཡང་མེད། དེ་ནི་གཙོ་བོ་སེམས་པ་བཟང་པོ་ཞིག་ཡོད་ན་འགྲིག་གི་ཡོད།

དཔེར་ན་དགེ་རྒན་ཞིག་གིས་རྩེད་མོ་དང་འཛུམ་ཤིག་གི་སྒོ་ནས་སློབ་ཁྲིད་གནང་བ་ཡིན་ན། སློབ་ཕྲུག་ཚོ་འཛིན་གྲྭར་ཡོང་རྒྱུར་དགའ་པོ་གནང་གི་རེད། དགེ་རྒན་གྱིས་དུས་རྟག་ཏུ་ཁོང་ཁྲོའི་རྣམ་པ་བསྟན་པ་ཡིན་ན་སློབ་ཕྲུག་ཚོ་འཛིན་གྲྭར་ཡོང་རྒྱུར་དགའ་པོ་གནང་གི་མ་རེད། དེ་བཞིན་སེམས་ཅན་ཁྱི་དང་བྱ་བྱིའུ་ལའང་འཆམ་པོ་བྱེད་ན་དགའ་པོ་བྱེད་ཀྱི་རེད། དཔེར་ན་ཁྱི་ཞིག་ལ་འཆམ་པོ་བྱེད་ན་ཁྱི་དེས་ཚུར་རྔ་མ་གཡུགས་ནས་དགའ་པོ་བྱེད་ཀྱི་རེད། གལ་ཏེ་ཁྱི་ཞིག་ལ་ཁོང་ཁྲོའི་རྣམ་པ་བསྟན་པ་ཡིན་ན་ཁྱི་ཡིས་ཀྱང་དེར་དགའ་པོ་བྱེད་ཀྱི་མ་རེད། དེར་བརྟེན་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་སེམས་པ་བཟང་པོ་བྱེད་རྒྱུ་གཙོ་བོ་ཆགས་ཡོད། ངོས་ཀྱིས་དུས་རྟག་ཏུ་འགྲོ་བ་མིི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་སྟངས་གོང་མཐོར་གཏོང་གི་ཡོད། བོད་པའི་རིག་གཞུང་ནང་གཞན་ལ་གནོད་པ་བྱེད་རྒྱུ་མེད་པའི་སྐོར་གསུང་གི་ཡོད། བོད་པའི་ནང་མི་ཞིག་ལ་ཆ་བཞག་ན་ཕྲུ་གུས་འབུ་སྲིན་ཞིག་འཛིན་བཞིན་པའི་སྐབས་ཕ་མས་ཕྲུ་གུར་འབུ་སྲིན་དེ་མ་གསོད་ཅེས་བརྗོད་ཀྱི་རེད། དེ་ནི་ང་ཚོའི་རིག་གཞུང་རེད་ཅེས་གསུངས་འདུག 

དེ་བཞིན་དབྱིན་ཡུལ་གྱི་བྷེར་མིང་ཧམ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བྷེར་མིང་ཧམ་མཐོ་སློབ་ཁང་གི་སློབ་དཔོན་ལྕམ་པྲི་ཏི་ཝི་ཡ་སི་ལགས་ཀྱིས་བཀའ་འདྲི་ཞུ་དོན། ངའི་པཱ་ལགས་ཉེ་ཆར་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་འདས་གྲོངས་སུ་གྱུར་སོང་། རང་ཉིད་ནས་སེམས་སྡུག་བྱེད་བཞིན་ཡོད་པས། ༧གོང་ས་མཆོག་ནས་བཀའ་སློབ་གནང་རོགས་ཞེས་ཞུས་པར། ༧གོང་ས་མཆོག་ནས་བཀའ་སློབ་བསྩལ་དོན། ངོས་ཀྱིས་ཁྱེད་རང་གི་སྡུག་བསྔལ་རྟོགས་ཐུབ་ཀྱི་འདུག རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོས།  གལ་ཏེ་བཅོས་སུ་ཡོད་ན་ནི།  དེ་ལ་མི་དགར་སུ་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི།  དེ་ལ་མི་དགའ་བྱས་ཅི་ཕན། ཞེས་གསུངས་པ་ལུང་འདྲེན་མཛད་པ་དང་འབྲེལ། ངོས་ཀྱི་ཨ་མ་ལགས་འདས་གྲོངས་གྱུར་པའི་སྐབས་ངོས་རང་སེམས་པ་སྐྱོ་པོ་བྱུང་། ཡིན་ནའང་ངོས་ཀྱིས་སེམས་སྐྱོ་ནས་བསྡད་རྒྱུའི་ཚབ་ཏུ་ཨ་མ་ལགས་ཀྱི་ཆེད་དུ་ཐུགས་སྨོན་ཞུས་པ་ཡིན། ཁྱེད་རང་གི་པཱ་ལགས་ཀྱིས་ཁྱེད་རང་ལ་རེ་འདུན་ག་རེ་གནང་ཡོད་ན་ཁྱེད་རང་གིས་དེར་བསམ་བློ་བཏང་ནས་རེ་འདུན་དེ་སྒྲུབ་རོགས་ཞེས་གསུངས་འདུག 

གཞོན་སྐྱེས་ལས་འགུལ་བ་ཨེ་ལེག་སེ་ལགས་ནས། མི་རིགས་དབྱེ་འབྱེད་དང་གནམ་གཤིས་འགྱུར་ལྡོག་བཅས་མངོན་གསལ་གྱི་སྐབས་འདིར། དེ་ལ་དོ་ཁུར་བྱེད་མཁན་ཞིག་ལ་མཚོན་ན་སེམས་ཁུར་ཆེན་པོ་ཡོང་གི་འདུག་པས། བྱམས་བརྩེ་དང་རེ་བ་མ་བརླག་པར་གནས་ཐབས་སུ་ག་རེ་བྱ་དགོས་མིན་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ང་ཚོ་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས་སེམས་པ་བཟང་པོ་ནི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཤིག་ཡིན་པ་སྐྱེས་ཙམ་ཉིད་ནས་ཡོད་པའི་ཁར། ང་ཚོར་རྣམ་དཔྱོད་ཡོད་པས་འགྲོ་བ་མིའི་ཀླད་པ་བེད་སྤྱོད་བཏང་སྟེ། འགྲོ་བ་མི་སྤྱི་དང་ཁྱིམ་ཚང་རེ་རེ། མཐར་ཐུག་མི་རེ་ངོ་རེ་བདེ་སྐྱིད་ཡོང་ཐབས་ཡག་ཤོས་གང་ཡིན་ཐོག་བསམ་བློ་བཏང་མཐར། སེམས་བཟང་པོ་དང་འགྲོ་བ་མིའི་རྣམ་དཔྱོད་བེད་སྤྱོད་བཏང་ནས། མཆེད་གྲོགས་ཕོ་མོའི་འདུ་ཤེས་ཀྱི་ལམ་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཡོང་བ་བྱ་གལ་ཆེན་པོ་རེད་ཅེས་བཀའ་གནང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།