༧གོང་ས་མཆོག་གིས་མ་ཡི་བརྩེ་བ་དང་འབྲེལ་བརྩེ་བ་གལ་ཆེ་བའི་སྐོར་བཀའ་སློབ་གནང་།

དགའ་ལྡན་ཕོ་བྲང་གི་དྲྭ་བའི་པར།

ཟླ་བ་༤ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁན་ནེ་སློབ་གླིང་གི་མི་མང་གི་འགོ་ཁྲིད་སྟི་གནས་ཁང་གི་འགོ་ཁྲིད་དང་བདེ་སྐྱིད་བརྟག་དཔྱད་ཁང་གིས་གསོལ་བ་བཏབ་དོན་བཞིན། ཨོ་སི་ཁྲོ་ལི་ཡ་དང་། ཁེ་ན་ཊ། ཧོང་ཀོང་། ནེའུ་ཛི་ལན་ཌི། སིངྒ་པོར། ཡུ་རོབ། ཨ་རི་བ། བོད་པ་བཅས་ཧ་ཝར་ཌི་སློབ་གླིང་གི་ཚོགས་མི་དང་། སྤྱི་ཚོགས་ལས་འགུལ་བ། འགྲོ་ཁྲིད་དང་བདེ་སྐྱིད་བརྟག་དཔྱད་ཁང་གི་མི་སྣ། ཨེ་མོ་རི་གཙུག་ལག་སློབ་གྲྭར་ཚན་རིག་སྦྱངས་ཟིན་པའི་དགེ་བཤེས་ཁག་ཅིག་སོགས་མི་སྣ་ ༣༩ ལ་མཇལ་ཁ་བསྩལ་ཏེ། བདག་ལས་འདས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་གནང་ཡོད་འདུག་ལ། སྐབས་དེར་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་བསྩལ་དོན། ངོས་ཀྱི་འབད་བརྩོན་གཙོ་བོ་ནི། ང་ཚོ་སྐྱེས་པའི་སྐབས་ནས་མ་ཡི་བརྩེ་བའི་བསྐྱངས་པ་དང་། ཨ་མའི་ནུ་ཞོ་འཐུང་བའི་ཉམས་མྱོང་ཚང་མར་ཡོད། ཆུང་ཆུང་སྐབས་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་མ་ཐེབས་གོང་མ་ཡི་བརྩེ་བས་བསྐྱངས་པའི་ཉམས་མྱོང་ནི་གཏིང་ཟབ་ཤོས་ཤིག་རེད། དེ་མི་གཅིག་པུ་མ་ཡིན་པར་དུད་འགྲོ་ཡིན་ནའང་ཧ་ཅང་རྩ་ཆེན་པོ་རེད། འབུ་ཆུང་ཆུང་ལ་མ་ཡི་བརྩེ་བ་དང་འབྲེལ་བ་གང་འདྲ་ཡོད་མེད་མི་ཤེས། དེ་མིན་སྲོག་ཆགས་ཚོར་མ་ཡི་བརྩེ་བ་ཧ་ཅང་རྩ་ཆེན་པོ་རེད། མ་ཡི་བརྩེ་བ་ཤུགས་ཆེན་པོའི་ཉམས་མྱོང་ཡོད་པ་རྣམས་རང་བཞིན་གྱིས་སེམས་བཟང་པོ་དང་དུལ་བ་ཞིག་ཡོང་གི་འདུག ཆུང་ཆུང་སྐབས་ནས་མ་དང་ཁ་བྲལ་བ་ཡིན་ན་གྲོགས་མེད་གཅིག་པུའི་འདུ་ཤེས་འཁུར་སྡོད་པ་ཞིག་རེད། ངོས་རང་སྒེར་ལ་ཆ་བཞག་ན་ཨ་མ་ལགས་ཀྱིས་ཧ་ཅང་འཆམ་པོ་གནང་བ་རེད། འཛམ་གླིང་འདིར་ཕ་མ་དང་ཁ་བྲལ་ནས་འགྲོ་བ་ནི་ཏོག་ཙམ་སྐྱོན་ཡོང་གི་འདུག དཔེར་ན་དུད་འགྲོ་ཁྱི་སོགས་ལ་མཚོན་ནའང་མ་ཡི་བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་མཐོང་གི་འདུག སོ་སོའི་ཨ་མ་དང་མཉམ་དུ་ཡོད་ཚེ་རང་བཞིན་གྱིས་ཞི་བདེ་ཡོད་པ་ཞིག་དང་། མ་དང་ཁ་བྲལ་ན་གྲོགས་མེད་གཅིག་པུའི་འདུ་ཤེས་སླེབས་སྡོད་པ་ཞིག་རེད། ངོས་ལ་ཆ་བཞག་ན་ཨ་མ་ལགས་ཀྱིས་ཧ་ཅང་འཆམ་པོ་གནང་ཡོད། ཆུང་ཆུང་སྐབས་སུ་ཨ་མ་ལགས་དང་ཁ་བྲལ་བ་ཡིན་ན་སེམས་ལ་ཏོག་ཙམ་མ་འདང་བ་ཞིག་ཕལ་ཆེར་ཡོད་པ་རེད། ང་ཚོས་ནམ་རྒྱུན་ཆོས་བཤད་པའི་སྐབས་སུ་མར་ཤེས་ཞེས་པ་རྩ་ཆེན་པོར་བརྩི་བཞིན་འདུག བློ་སྦྱང་ཡོང་སྐབས་སེམས་ཅན་ཐམས་ཅད་མར་ཤེས་པ་ཞིག་བཤད་ཀྱི་ཡོད། ཅེས་དང་། གཙོ་སྐྱོང་བའི་དྲིས་ལན་དུ། ལྷན་སྐྱེས་ཀྱི་གནས་སྟངས་ནི་མ་ཡི་བརྩེ་བ་དེ་མི་ཚེ་འདིའི་ནང་གལ་ཆེ་ཤོས་ཆགས་ཡོད། བརྩེ་བ་དེའི་ཉམས་མྱོང་ཏོག་ཙམ་ཡོད་མཁན་གྱིས་གཞན་ལ་བརྩེ་བ་བྱེད་རྒྱུའང་རང་བཞིན་གྱིས་ཡོང་བ་ཞིག་ཕལ་ཆེར་རེད། བརྩེ་བས་རང་ཉིད་ཀྱི་སེམས་ལ་ཞི་བདེ་ཡོང་བར་དོ་སྣང་མེད་པར་སྤྱི་ཚོགས་ནང་ཆགས་སྡང་བྱས་ཚེ་ཕན་གནོད་ཏོག་ཙམ་ཡོད་པར་བརྟེན། བརྩེ་བ་ལ་སྣང་ཆུང་བྱས་པ་ལྟ་བུ་འདུག་སོགས་བརྩེ་བ་གལ་ཆེ་བའི་སྐོར་བཀའ་སློབ་བཀའ་དྲིན་བསྩལ་གནང་བ་དང་། སང་ཉིན་མགོན་པོ་གང་གིས་སེམས་ཀྱི་སྐོར་ལ་ Spiritual Consciousness ཞེས་པའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་འདུག གོང་གི་བཀའ་སློབ་དང་གནས་ཚུལ་དག་དགའ་ལྡན་ཕོ་བྲང་གི་དྲྭ་བ་ནས་བཏུས།


གསར་འགོད་པ། བསྟན་འཛིན་ལམ་བཟང་།