༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་མཱན་མོ་ཧོང་སིན་མྱུར་དུ་སྙུང་ལས་གྲོལ་བའི་ཐུགས་སྨོན་མཛད་འདུག
༧གོང་ས་མཆོག་གིས་གར་གྱི་སྲིད་བློན་ཟུར་པ་མཱན་མོ་ཧོང-སིན་(Manmohan Singh)ལ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་འགོས་པའི་གནས་ཚུལ་མཁྱེན་རྗེས། ཁོང་མྱུར་དུ་སྙུང་གཞི་ལ་གྲོལ་བའི་ཐུགས་སྨོན་མཛད་འདུག
དེ་རིང་སྟེ་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་སྐུ་སྒེར་ཡིག་ཚང་གྱི་དྲ་བའི་ཐོག་ཏུ་སྤེལ་བའི་གསུང་འཕྲིན་དེའི་ནང་། ༧རིན་པོ་ཆེ་མཆོག་གིས་“ངོས་ཀྱིས་ཁྱེད་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་”ཞེས་གསུངས་པའི་ཐོག “ཁྱེད་ཀྱིས་མཁྱེན་གསལ་ལྟར། ངོས་ཀྱིས་ཁྱེད་ལ་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད་ལ། ཁྱེད་ངོས་ཀྱི་གྲོགས་པོ་རྙིང་པར་བརྩི་ཡི་ཡོད་”ཅེས་བསྣན་འདུག
གཞན་ཡང་། གསུང་འཕྲིན་དེའི་ནང་༧གོང་ས་མཆོག་གིས་“ངོས་ནས་ང་ཚོས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དག་ལ་སྟེར་བའི་དཀའ་ཉེན་དག་གི་མཇུག་རྫོགས་པ་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་རྗེས། སླར་ཡང་སྲིད་བློན་ཟུར་པ་ཁོང་ལ་ཐུགས་སྨོན་སྐྱབས་འཇུག་མཛད་དེ་གསུང་འཕྲིན་གྱི་མཇུག་བསྡུས་གནང་འདུག
ད་ལྟའི་ཆར་རྒྱ་གར་དུ་ཉིན་རེར་ནད་པ་གསར་པ་འབུམ་གཉིས་ལྷག་བྱུང་སྟེ། རྒྱལ་ས་ལྡི་ལིས་གཙོས་པའི་གྲོང་ཁྱེར་ཆེ་ཁག་ཏུ་སྨན་ཁང་དང་། ཉལ་ཁྲི། སྲོག་རླུང་ལ་སོགས་པའི་མཐུན་རྐྱེན་གྱིས་མི་འདང་བའི་དཀའ་ངལ་ཚབས་ཆེན་འཕྲད་ཀྱིན་ཡོད་སྟབས། མདང་དགོང་ནས་རྒྱལ་ས་ལྡི་ལི་རུ་བདུན་ཕྲག་གཅིག་རིང་ཁྱིམ་སྡོད་བཀའ་རྒྱ་བསྡམས་པ་མ་ཟད། མི་འགྱངས་པར་བཀའ་རྒྱ་དེ་རྒྱལ་ཡོངས་སུ་ལག་བསྟར་བྱེད་སྲིད་པ་ཆགས་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
