༧གོང་ས་མཆོག་གིས་ཨ་རིའི་བོད་ཁང་གི་ལོ་གསར་རོལ་དབྱངས་དགོངས་ཚོགས་ལ་བཀའ་སློབ་བརྩལ། 

༧གོང་ས་མཆོག་ནས་བོད་མི་རྣམས་བཙན་བྱོལ་བ་ཆགས་པའི་སྐབས་རྒྱ་གར་ལ་བཙན་བྱོལ་དུ་བསླེབས་པ་དང་། ཕྱོགས་གཅིག་ནས་ཐབས་སྐྱོ་པོ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། ང་ཚོར་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་འཛམ་གླིང་ཡོངས་ལ་སྟོན་རྒྱུའི་གོ་སྐབས་གསར་པ་ཞིག་བྱུང་བ་རེད་ཅེས་བཀའ་སློབ་བསྩལ་འདུག 

༸གོང་ས་མཆོག་གིས་ཟླ་༢ པའི་ཚེས་༡༧ ཉིན་བརྙན་འཕྲིན་བརྒྱུད་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་རི་བོད་ཁང་(TIBET HOUSE US) གི་བོད་ཀྱི་ལོ་གསར་རོལ་དབྱངས་དགོང་ཚོགས་ཐེངས་༣༤ པའི་མཛད་སྒོར་བཀའ་སློབ་སྩལ་དོན། “ང་ཚོ་བཙན་བྱོལ་བ་ཆགས་པའི་སྐབས་རྒྱ་གར་ལ་བཙན་བྱོལ་དུ་བསླེབས་པ་དང་། ཕྱོགས་གཅིག་ནས་ཐབས་སྐྱོ་པོ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། ང་ཚོར་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་འཛམ་གླིང་ཡོངས་ལ་སྟོན་རྒྱུའི་གོ་སྐབས་གསར་པ་ཞིག་བྱུང་བ་རེད། དེ་དང་ཆབས་ཅིག་ཏུ་ཨ་རི་བ་སྐུ་ཞབས་བྷོབ་ཐར་མན་(Bob Thurman) ཚུད་པའི་ཨ་རི་བ་དང་ཕྱི་རྒྱལ་བ་ཚོས་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་ལ་ཡིད་དབང་འཕྲོག་པ་རེད། དེ་སྔ་སྐུ་ཞབས་བྷོབ་ཐར་མན་རྡ་སར་ཕེབས་མྱོང་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་དང་རིག་གཞུང་ལ་དངོས་གནས་དྲང་གནས་དོ་སྣང་གནང་མཁན་ཞིག་ཡིན། སྐབས་དེ་དུས་བྷོབ་ཐར་མན་གྱིས་གྲྭ་པ་ནང་བཞིན་གྱོན་ཆས་གྱོན་གནང་གི་རེད། རིམ་པས་བྷོབ་ཐར་མན་གྱིས་ཨ་རིའི་ནིའུ་ཡོག་གི་གྲོང་ཁྱེར་ནང་ཨ་རི་བོད་ཁང་འཛུགས་སྐྲུན་གནང་ཡོད། དེ་ནི་ཧ་ཅང་ཡག་པོ་རེད། བོད་ཀྱི་རིག་གཞུང་བོད་མིའི་ཁྲོད་བདག་གཅེས་གནང་བ་ཙམ་མ་ཟད། འཛམ་གླིང་ཡོངས་ལ་བསྟན་ཡོད། དཔེར་ན་ཨ་རི་བོད་ཁང་ལྟ་བུ་ཧ་ཅང་བེད་སྤྱོད་ཆེན་པོ་ཡོད། ཚོགས་པ་དེ་དག་གིས་བོད་ཀྱི་རིག་གཞུང་དང་། བོད་མིའི་ཡུལ་སྲོལ་གོམས་གཤིས། བོད་ཀྱི་ནང་པའི་རིག་གཞུང་ངོ་མ་ཇི་ཡིན་སྐོར་གསལ་པོ་བྱས་ནས་འགྲེལ་བཤད་རྒྱག་པར་ཕན་ཐོགས་ཆེན་པོ་འབྱུང་གི་ཡོད། བོད་ཀྱི་རིག་གཞུང་ནི་དཔལ་ནཱ་ལནྡྲའི་རིག་གཞུང་ཆགས་ཡོད། སྐུ་ཞབས་བྷོབ་ཐར་མན་གྱིས་བོད་ཀྱི་ནང་པའི་རིག་གཞུང་སྐོར་སྦྱངས་མྱོང་ཡོད་སྟབས་མཁྱེན་གྱི་ཡོད། སངས་རྒྱས་པའི་ཆོས་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་གཙོ་བོ་ཚད་མ་རིག་པའི་ལམ་ནས་དཔྱད་པ་བྱས་ནས་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་གཏན་ལ་འབེབས་བཞིན་ཡོད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་འབྲེལ་ནས་བཀའ་སློབ་གནང་དོན། “དེ་སྔ་མི་ཚོས་བོད་ཀྱི་ཆོས་བརྒྱུད་དེ་དག་བླ་མའི་ཆོས་ལུགས་རེད་ཅེས་འགྲེལ་བཤད་བརྒྱབ་ཡོད། དེང་སང་མི་མང་པོས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་དེ་དག་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དངོས་ཡིན་པ་བརྗོད་ཀྱི་ཡོད་པ་མ་ཟད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་གཙོ་བོ་ཚད་མ་རིག་པའི་ལམ་ནས་དཔྱད་པ་བྱས་ནས་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་གཏན་ལ་འབེབས་བཞིན་ཡོད་པ་བརྗོད་ཀྱི་ཡོད། དེར་བརྟེན་དེང་སང་ཚན་རིག་པ་མང་པོས་སངས་རྒྱས་པའི་ཆོས་ལ་དགའ་མོས་གནང་གི་ཡོད། གནས་སྟངས་འདི་འདྲའི་སྐབས་སུ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་རི་བོད་ཁང་ཧ་ཅང་བེད་སྤྱོད་ཆེན་པོ་ཡོད། སྐུ་ཞབས་བྷོབ་ཐར་མན་དང་ཁོང་གི་བཟའ་ཟླ་རྣམ་གཉིས་ནས་དོན་དང་ལྡན་པའི་ཕྱག་ལས་གནང་ཡོད། ངོས་ཀྱིས་སྐུ་ཞབས་བྷོབ་ཐར་མན་དང་། ཁོང་ལ་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམ་པས་ནུབ་ཕྱོགས་སུ་གོ་རྟོགས་གསར་པ་ཞིག་སྤེལ་ཐུབ་ངེས་རེད། ངོས་ཀྱི་སྒེར་གྱི་ཡུན་རིང་གྲོགས་པོ་སྐུ་ཞབས་བྷོབ་ཐར་མན་ལ་རྗེས་སུ་ཡི་རང་ཞུ་ཡི་ཡོད། དེ་བཞིན་འདས་པོ་སོག་པོ་དགེ་བཤེས་དབང་རྒྱལ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཨ་རིའི་ནིའུ་འཇར་སི་གྲོང་ཁྱེར་གྱི་ལྷ་ཁང་ཆུང་ཆུང་ཞིག་གི་ནང་བཞུགས་མྱོང་ཡོད། དགེ་བཤེས་ཀྱིས་ཨ་རིའི་གཞོན་སྐྱེས་རྣམས་ལ་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་ཡོད། སྐུ་ཞབས་བྷོབ་ཐར་མན་གྱིས་ཀྱང་ཚོགས་པ་བཙུགས་ཏེ་ཨ་རི་བ་དང་མི་རིགས་གཞན་རྣམས་ལ་བོད་ཀྱི་རིག་གཞུང་སྐོར་གོ་རྟོགས་སྤེལ་རྒྱུར་རོགས་རམ་གནང་ཡོད། ངོས་ཀྱིས་སྐུ་ཞབས་བྷོབ་ཐར་མན་གྱི་ཕྱག་ལས་ཁག་ལ་རྗེས་སུ་ཡི་རངས་ཞུ་གི་ཡོད། ངོས་ཀྱིས་སྐུ་ཞབས་བྷོབ་ཐར་མན་དང་ལྷན་གནས་ཚུལ་དེ་དག་ཞུ་འདོད་བྱུང་”ཞེས་བཀའ་སློབ་གནང་།

གསར་འགོད་པ་སྐལ་བཟང་དོན་གྲུབ།