༧གོང་ས་མཆོག་དང་སྲིད་སྐྱོང་། སྤྱི་འཐུས་ཚོགས་གཙོ་བཅས་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་ཞུས་འདུག
ཟླ་༩ པའི་ཚེས་༦ ཉིན་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་བཅས་ནས། ལྕམ་ལཱི་ཛ་ཀྲེ་རུ་སཱེ་དབྱིན་ཡུལ་གྱི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་འདུག
དེ་ཡང་༧གོང་ས་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་བསྩལ་བའི་ནང་འཁོད་དོན། ལོ་རྒྱུས་ཀྱི་ཐོག་ནས་ང་ཚོ་བོད་དང་དབྱིན་ཡུལ་དབར་ཡུན་རིང་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་ཡོད་པ་མ་ཟད། དུས་ད་ལྟ་ཡིན་ནའང་ང་ཚོས་ཕྱི་ལོ་༡༩༥༩ ལོའི་གོང་དབྱིན་ཡུལ་གཞུང་གིས་བོད་དུ་བསྐོ་བཞག་བྱས་པའི་ལས་བྱེད་རྣམས་ཀྱི་ནང་མི་ཚོ་དང་ལྷན་མུ་མཐུད་འབྲེལ་བ་བྱེད་བཞིན་ཡོད།
ངོས་ཀྱིས་དབྱིན་ཡུལ་གྱི་གྲོགས་པོ་ཚོས་བོད་མིའི་མངོན་འདོད་རང་དབང་དང་ཆེ་མཐོང་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བཞིན་པར་རྗེས་སུ་ཡི་རང་ཞུ་ཡི་ཡོད། ངོས་ཀྱིས་དབྱིན་ཡུལ་མུ་མཐུད་འཕེལ་རྒྱས་སུ་འགྲོ་བ་དང་། དབྱིན་ཡུལ་གྱི་ངོས་ནས་སྔར་ལས་ལྷག་པ་གཅིག་ལ་གཅིག་བརྟེན་ཡིན་པའི་འཛམ་གླིང་ཧྲིལ་པོ་འདི་ཉིད་ཞི་བདེ་དང་སྲ་བརྟན་ཡོང་སླད་ཞབས་འདེགས་རླབས་ཆེན་སྒྲུབ་ཐུབ་པའི་རེ་བ་རྒྱག་གི་ཡོད་ཅེས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལྕམ་ལཱི་ཛ་ཀྲེ་རུ་སཱེ་དབྱིན་ཡུལ་གྱི་སྲིད་བློན་དུ་བདམས་ཐོན་བྱུང་བར་མཚམས་འདྲི་ཞུས་ནས། དབྱིན་ཡུལ་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་སྲིད་གཞུང་ཁག་ལ་ཉེས་ཆད་ཁྲིམས་༢༠༢༠ཞེས་པ་ལག་བསྟར་བྱས་པ་ཚུད་པའི་ལས་དོན་མང་པོ་ཞིག རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཆེད་སྤེལ་བཞིན་པར་ང་ཚོས་རྗེས་སུ་ཡི་རངས་ཞུ་ཡི་ཡོད། ལྕམ་ཁྱེད་ཀྱི་འགོ་ཁྲིད་འོག་ཏུ་སྲིད་གཞུང་གསར་པས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཆེད་དུ་ལས་དོན་སྔར་ལྷག་སྤེལ་བའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཚབ་ཞུས་ནས་ལྕམ་ཁོང་སྲིད་བློན་དུ་བདམས་ཐོན་བྱུང་བར་མཚམས་འདྲི་ཞུས་ནས། ཁྱེད་ལ་རྒྱལ་ཁ་ཐོབ་པ་དེ་ནི་དབྱིན་ཡུལ་མི་མང་གིས་ཁྱེད་ལ་ཡོད་པའི་ཡིད་ཆེས་མཚོན་གྱི་ཡོད་པ་དང་། བོད་མི་ཚོས་ཁྱེད་ཀྱི་རྒྱལ་ཁར་དགའ་སྤྲོ་སྐྱེ་བཞིན་ཡོད་ཁར། ངས་ཁྱེད་ནས་བོད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་བའི་རེ་བ་རྒྱག་གི་ཡོད། དབྱིན་ཡུལ་མི་མང་གི་རེ་འདུན་སྒྲུབ་ཆེད་དུ་ཁྱེད་ཀྱི་མ་འོངས་པའི་ལས་དོན་མཐའ་དག་གྲུབ་འབྲས་བཟང་པོ་སྨིན་པའི་རེ་སྨོན་བྱེད་ཀྱི་ཡོད་ཅེས་གསུངས་འདུག
དབྱིན་ཡུལ་གྱི་སྲིད་བློན་བྷོ་རེ་སི་རྗོན་སོན་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་ཆགས་རྗེས། ཟླ་༧ པའི་ཚེས་༢༠ ཉིན་དབྱིན་ཡུལ་གྱི་གཞུང་འཛིན་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱི་འོས་མི་འོས་འདེམས་བྱས་ཏེ། མཐའ་མའི་འོས་མི་གཉིས་འདེམས་ཐོན་བྱུང་བའི་ཁོངས་ནས། ཨང་དང་པོ་རྒྱ་གར་གྱི་མི་རིགས་ཡིན་པ་དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་རཱི་ཤི་སུ་ནེག་ལ་འོས་གྲངས་༡༣༠ དང་། ཨང་གཉིས་པར་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ལཱི་ཛ་ཀྲེ་རུ་སཱེ་ལ་འོས་གྲངས་༡༡༣ ཐོབ་འདུག རྗེས་སུ་སྲིད་དོན་ཚོགས་པ་དེའི་ཚོགས་མི་འབུམ་གཅིག་དང་ཁྲི་བཞི་ལྷག་གིས། འོས་མི་དེ་གཉིས་ཁོངས་ནས་གཅིག་ལ་འོས་ཤོག་འཕངས་ནས་གྲུབ་དོན་དུ། རཱི་ཤི་སུ་ནེག་འོས་གྲངས་༦༠༣༩༩ དང་ལྕམ་ལཱི་ཛ་ཀྲེ་རུ་སཱེ་ལ་འོས་གྲངས་༨༡༣༢༦ ཐོབ་ནས་ལྕམ་ཁོང་ལ་རྒྱལ་ཁ་ཐོབ་ཡོད་པ་རེད་འདུག
ཁོང་ནི་དབྱིན་ཡུལ་གྱི་ལོ་རྒྱུས་ནང་དུ་བུད་མེད་ཀྱི་སྲིད་བློན་གསུམ་པ་དེ་ཆགས་འདུག ལྕམ་ལཱི་ཛ་ཀྲེ་རུ་སཱེ་ཕྱི་ལོ་༢༠༡༠ ལོར་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་འདུག་པ་དང་། ད་བར་ཤེས་ཡོན་གྱི་བློན་ཆེན་གཞོན་པ་དང་། ཁོར་ཡུག་དྲུང་ཆེ། ཁྲིམས་ཞིབ་དྲུང་ཆེ། དཔལ་འབྱོར་འདུ་འགོད་ཁང་གི་སྤྱི་ཁྱབ་དྲུང་ཆེ། རྒྱལ་སྤྱིའི་ཚོང་འབྲེལ་དྲུང་ཆེ་སོགས་ཀྱི་ལས་ཁུར་བཞེས་མྱོང་ཡོད་པ་རེད་འདུག
ཁོང་གིས་དབྱིན་ཡུལ་གྱི་བློན་ཆེན་ལས་གནས་གལ་ཆེ་ཤོས་བཞི་ཡི་ཐོག་ཏུ། མི་རིགས་དཀར་པོ་མིན་པའི་མི་སྣ་བཞི་བསྐོ་བཞག་བྱས་འདུག་པ་དང་། དེ་ནི་དབྱིན་ཡུལ་གྱི་ལོ་རྒྱུས་ནང་དུ་བློན་ཆེན་གྱི་ལས་གནས་གལ་ཆེ་ཤོས་བཞི་ཡི་ཐོག་ཏུ་མི་རིགས་དཀར་པོ་གཅིག་ཀྱང་མེད་པ་ཐེངས་དང་པོ་ཆགས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།