༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་གནང་སོང་།

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༧ ཚེས་༡༡ ནས་མར་ཡུལ་ལ་དྭགས་སུ་ཞབས་ཀྱིས་བཅགས་ཤིང་། ཉིན་གྲངས་བཞི་བཅུ་ཞེ་ལྔའི་རིང་དད་ལྡན་སེར་སྐྱ་ཁྲི་ཚོ་མང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་འཕྲིན་གྲུབ་རྗེས། ཕྱི་ཟླ་༨ ཚེས་༢༥ ཉིན་ལ་དྭགས་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་བསྒྱུར་གནང་ཡོད་པ་དང་།  ཕྱི་ཟླ་༨ ཚེས་༢༨ ཉིན་གྱི་སྔ་དྲོར་མགོན་པོ་གང་ཉིད་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་སྒལ་སྒལ་གནམ་ཐང་དུ་ཕེབས་འབྱོར་བྱུང་སོང་། སྐབས་དེར་གསར་འགོད་པ་ཚོས་མགོན་པོ་གང་ཉིད་ལ་བཀའ་འདྲི་ཁག་ཅིག་ཞུས་པའི་བཀའ་ལན་དུ། མགོན་པོ་གང་གིས། ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པ་དང་། བསྟན་འགྲོའི་དོན་དུ་གང་འཚམ་བསྒྲུབས་ཐུབ་ཡོད་པ། དེ་བཞིན་མི་ལུས་དོན་ལྡན་ཞིག་ཆགས་ཡོད་པ་བཅས་ཀྱི་སྐོར་གསུངས་ཡོད་པ་རེད། སྒལ་སྒལ་གནམ་ཐང་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་བོད་མི་སེར་སྐྱ་མང་པོ་ཞིག་ཕེབས་བསུར་བཅར་འདུག་པ་དང་། གཞན་ཡང་སྐྱ་སེར་བྱིངས་རྣམས་ཀྱིས་རྡ་ཤོད་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དུ་བསང་སྦར་བ་དང་། དུང་དང་རྒྱ་གླིང་གཏོང་བཞིན་བང་བསྒྲིགས་ནས་ཕེབས་བསུ་ཞུས་ཡོད་པ་བཞིན། མགོན་པོ་གང་ཉིད་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་སོང་།
གསར་འགོད་པ་བསྟན་འཛིན་ལམ་བཟང་།