༧གོང་ས་མཆོག་བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་པ།

chepsu 12084022_10209200111064944_590757146_n༸གོང་ས་མཆོག་སྐུའི་སྨན་བཅོས་དང་སྐུའི་ངལ་གསོ་ཟླ་གཉིས་མ་ཟིན་ཙམ་གནང་ནས། སྨན་བཅོས་ལེགས་གྲུབ་བྱུང་ནས་སྐུ་གཟུགས་གསལ་དྭངས་ངང་བཞུགས་སྒར་དྷ་སའི་ཕོ་བྲང་དུ་ཞབས་སོར་འཁོད་སོང་།

དེ་ཡང་ཟླ་འདིའི་ཚེས་༡༣ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གྷ་གྷར་གནམ་ཐང་དུ་ཕྱག་ཕེབས་གནང་སོང་ལ། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་པ་གཉིས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་གནམ་ཐང་དུ་ཆིབས་བསུར་བཅར་འདུག  ༸གོང་ས་མཆོག་བཞུགས་སྒར་དུ་ཕྱིར་ཕེབས་པའི་ཕེབས་ལམ་གྱི་གཡས་གཡོན་དུ། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་རྣམས་ཀྱིས་བདུག་སྤོས་དང་བསང་གསོལ། ཁ་གཏགས་གཡུག་པ་སོགས་ཀྱི་ཕེབས་བསུ་གཟབ་རྒྱས་ཞུས་སོང་།

༧ གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་བཞུགས་སྒར་ནས་ཕེབས་ཐོན་གནང་སྟེ། ཨ་རིའི་གྲོང་ཁྱེར་མི་ནི་སོ་ཊའི་མ་ཡོ་སྨན་ཁང་དུ་ སྨན་བཅོས་དང་སྐུའི་ངལ་གསོ་ཟླ་གཉིས་མ་ཟིན་ཙམ་གནང་ནས། སྐུའི་སྨན་བཅོས་ལེགས་གྲུབ་བྱུང་ནས་སྐུ་གཟུགས་གསལ་དྭངས་ཡིན་པ་རེད།

དེ་རྗེས་༸གོང་ས་མཆོག་གིས་ཨ་རི་དང་སུད་སི་བཅས་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་ནས། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་དེ་སྐུ་ངལ་གསོ་གནང་བ་དང་།  དེ་རིང་ཚེས་༡༣ ཉིན་གྷ་གྷར་གནམ་ཐང་བརྒྱུད་ཕྱིར་བཞུགས་སྒར་དྷ་སའི་ཕོ་བྲང་དུ་ཞབས་སོར་འཁོད་ཡོད་པ་རེད།།

གསར་འགོད་པ་ངག་དབང་ཐར་པ།