༧གོང་ས་མཆོག་རྒྱ་ནག་ལ་ཕེབས་སྲིད་པའི་གནས་ཚུལ་དེ་བདེན་པ་མིན་འདུག
ཟླ་༡༢ པའི་ཚེས་༡༥ ཉིན་རྒྱ་གར་གྱི་གསར་ཤོག་ཊེར་བྷོན་(The Tribune)ཐོག ༧གོང་ས་མཆོག་རྒྱ་ནག་ལ་ཕེབས་སྲིད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བརྗོད་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་དེ་ནི། གནས་ཚུལ་བདེན་པ་མིན་འདུག
དེ་ཡང་ཟླ་༡༢ པའི་ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སློབ་དཔོན་ཞིག་གི་དྲན་གསོའི་ལྷན་ཚོགས་ཤིག་ཏུ་ཕེབས་ནས་གཏམ་བཤད་བྱས་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཀན་ཝལ་སི་བྷལ་གྱིས། ཉེ་བའི་ཆར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་ཡོད་པ་དང་འབྲེལ་ནས་དྲི་བ་དྲིས་སྐབས། སྲིད་སྐྱོང་གིས་“གནས་ཚུལ་དེ་བརྒྱུད་ལམ་ཁག་ཏུ་ཐོན་སྐབས། ཟམ་གདོང་རིན་པོ་ཆེར་ཁ་པར་བཏང་ནས་དེའི་སྐོར་ལ་ག་རེ་ལབ་དགོས་མིན་སྐད་ཆ་དྲིས་སྐབས། ཁོང་གིས་ངས་གཞུང་འབྲེལ་ཐོག་ནས་སྙན་སེང་ཞུས་མེད་པས་ཁྱེད་རང་གིས་ཤེས་ཀྱི་མེད་བརྗོད་ཆོག་སྐོར་ལན་འདེབས་བྱས་སོང་བས། ངས་གནས་ཚུལ་ཞིབ་ཕྲ་ཤེས་ཀྱི་མེད། འོན་ཀྱང་ངས་བསམ་ཚུལ་བྱས་ན་ང་ཚོས་གནས་ཚུལ་དེར་དཔྱད་པ་མང་པོ་བྱེད་མི་དགོས་པ་དང་། དེ་ནི་ཕལ་ཆེར་སྒེར་གྱི་མཚམས་གཟིགས་ཤིག་ཡིན་གྱི་རེད་ལ། ད་ལྟའི་ཆར་དེའི་སྐོར་གང་ཡང་ལབ་རྒྱུ་སྔ་དྲགས་པ་རེད།”ཅེས་ལན་འདེབས་བྱས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ངོ་དེབ་ཐོག་ཏུ། སྲིད་སྐྱོང་ལ་ཟམ་གདོང་རིན་པོ་ཆེའི་རྒྱ་ནག་ཏུ་མཚམས་གཟིགས་སྐོར་དྲིས་ཡོད་པ་དང་། ཊེར་བྷོན་གསར་འགོད་པ་ཨཱ་ཇེ་བྷེ་ནེར་ཇི་ཡིས། ༧གོང་ས་མཆོག་དང་འཁྲུག་ནས་གནས་ཚུལ་དེ་བྲིས་ཡོད་པས། ཊེར་བྷོན་ལ་གནས་ཚུལ་དེ་ནོར་བཅོས་བྱེད་དགོས་སྐོར་འཕྲིན་ཡིག་བྲིས་ཟིན་སྐོར་འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
སྲིད་སྐྱོང་གི་དྲིས་ལན། https://www.facebook.com/CTATIBETTV/videos/10155156771840382/