༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༣༡ འཁོར་བའི་དུས་དྲན།
དྷ་སར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་གྲངས་ཁ་ཤུགས་ཆེར་འཕར་བཞིན་པར་མ་བལྟོས་པར། བོད་མིའི་སྒྲིག་འཛུགས་ནས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབེལ་བཞེས་མཛད་དེ་ལོ་ངོ་ཧྲིལ་པོ་༣༡ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོ་སྟབས་བདེ་ཞིག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སྐོང་འཚོགས་བྱས་སོང་།
མངའ་སྡེའི་གཞུང་གི་སྒྲིག་ཁྲིམས་ལྟར། བོད་མིའི་སྒྲིག་འཛུགས་ནས་སྐུ་མགྲོན་གཙོ་བོ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་གསར་ཁང་རེ་ནས་གསར་འགོད་པ་རེ་ལས་མེད་པའི་གཞུང་འབྲེལ་མཛད་སྒོ་ཞིག་སྐོང་འཚོགས་བྱས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་༡༠ དང་ཕྱེད་ཙམ་ལ་འཚོགས་པའི་མཛད་སྒོ་དེའི་ཐོག སྐུ་མགྲོན་གཙོ་བོ་སྟེ་དྷ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཤཱི་རི་ཁོའུ་མར་(Shri Ajit Kumar Nehria)གྱིས་༧ཏཱ་ལའི་བླ་མ་མཆོག་འཛམ་གླིང་ཞེ་བདེའི་དེད་དཔོན་ཆེ་ཤོས་དེ་ཡིན་པས། དུས་སྐབས་བཟང་པོ་འདི་བོད་དང་རྒྱ་གར་གྱི་མི་མང་གཅིག་པུ་མ་ཡིན་པར་འཛམ་གླིང་ཧྲིལ་པོའི་མི་མང་གིས་སྲུང་བརྩི་ཞུ་དགོས་སྐོར་གསུངས་སོང་།
སྲིད་ཚབ་ཆོས་རིག་བཀའ་བློན་ཀརྨ་གཡུ་ཐོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་གཉིས་ཀྱིས་བཀའ་སྤྱི་སོ་སོའི་གཞུང་འབྲེལ་གསུང་བཤད་སྒྲོགས་སྦྱང་གནང་སོང་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་“དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བོད་འབངས་སྤྱི་དང་། ཁྱད་པར་མང་གཙོ་དང་། རང་དབང་། ཞི་བདེ་བཅས་ལ་དགའ་མཁན་འཛམ་གླིང་སྐྱེ་བོ་ཀུན་གྱིས་མགོན་པོ་གང་གི་བླ་ན་མེད་པའི་མཛད་འཕྲིན་གཙུག་ཏུ་བཀུར་ནས་དགའ་གུས་ཡི་རངས་དང་བཅས་ཆོས་མཐུན་དགའ་སྐྱིད་དཔལ་ལ་རོལ་བའི་རྫོགས་ལྡན་གྱི་དུས་བཟང་ཞིག་ཡིན་”ཞེས་ཉིན་མོ་དམིགས་བསལ་འདིའི་གལ་ཆེའི་རང་བཞིན་གསུངས་སོང་།
དེ་བཞིན་བཀའ་ཤག་གི་གཞུང་འབྲེལ་གསུང་བཤད་དུ། “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་མི་ལོ་ ༦༡ རིང་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་སྤྱི་ལ་བདེ་སྐྱིད་བསྐྲུན་ཆེད་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་དང་། ཆོས་དད་ཡོད་མེད་ཀུན་གྱིས་ཉམས་ལེན་བྱེད་ཐུབ་པའི་བྱམས་པ་དང་། སྙིང་རྗེ། བཟོད་བསྲན། གཞན་ཕན་སོགས་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་མཛད་དང་མཛད་བཞིན་པ་ལ་བརྟེན་ནས། ད་ཆ་འཛམ་གླིང་ནང་འཚེ་བ་མེད་པ་དང་བྱམས་བརྩེ་ཞེས་ཐོས་མ་ཐག་ྋགོང་ས་མཆོག་གི་ཞལ་རས་ཡིད་ལ་ལྷམ་མེར་འཆར་བ་ཞིག་ཆགས་ཡོད་”ཅེས་བཀོད་འདུག
ཕྱི་ལོ་༡༩༨༩ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་དང་། ཁོང་ལ་འཛམ་གླིང་སྟེང་གི་སྙན་གྲགས་ཆེ་ཤོས་ཀྱི་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་ཐད་ལ། ནོ་སྦེལ་ཞི་བདེའི་ཚོགས་ཆུང་གིས་“༸གོང་ས་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འབད་བརྩོན་གནང་སྐབས་དྲག་སྤྱོད་དམ་འཚེ་བ་ཅན་གྱི་བྱ་བར་མཐའ་གཅིག་ཏུ་འགོག་རྒོལ་གནང་གི་ཡོད་པ་དང་། ༸གོང་ས་མཆོག་གིས་བཟོད་པ་དང་གུས་བརྩི་བཅས་གཞིར་བཞག་ཐོག་ནས་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་བཟང་པོ་དག་མི་ཉམས་གཅེས་སྲུང་སླད་བོད་ཀྱི་དཀའ་རྙོག་སེལ་ཐབས་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྒོ་ནས་འབད་བརྩོན་མཛད་གནང་གི་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གུས་བརྩི་ཧ་ཅང་ཆེན་པོ་དང་འགྲོ་བ་མིའི་རིགས་དང་ཁོར་ཡུག་བཅས་སྤྱི་ཡོངས་ལ་འགན་ཁུར་བཞེས་གནང་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་མཛད་བཞིན་ཡོད་”ཅེས་བརྗོད་ཡོད།
ཕྱི་ལོ་༡༩༠༡ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོག་མ་དེ་འབུལ་བཞེས་བྱུང་བ་ནས་བཟུང་། གཟེངས་རྟགས་དེ་ཐོབ་པའི་མི་སྒེར་དང་ཚོགས་པ་མང་པོ་ཞིག་བྱུང་བའི་ཁྲོད་ནས་ཆེས་སྙན་གྲགས་ཆེ་ཤོས་ཀྱི་མི་སྣ་གཅིག་ནི་༧གོང་ས་མཆོག་ཆགས་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།