༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སངས་རྒྱས་ཀྱི་རིང་བསྲེལ་འབུལ་ལམ་ཞུས། 

དགའ་ལྡན་ཕོ་བྲང་གི་དྲྭ་བའི་སྐུ་པར།

དེ་བཞིན་ཟླ་བ་འདིའི་ཚེས་༤ ཉིན་ཤྲི་ལངྒའི་དགོན་པ་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡ་ཞུ་བ་དེའི་རྟེན་གཙོ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་སྐུའི་རིང་བསྲེལ་ཞིག སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་དམ་གྱི་རྟེན་དུ་འབུལ་ལམ་ཞུ་ཆེད་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད་པ་དང་། སྐབས་དེར་གྷ་གྷལ་གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་གླིང་རིན་པོ་ཆེས་དབུས་པའི་དྷ་སའི་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་རྣམས་ཀྱིས་ལམ་གྱི་གཡས་གཡོན་ནས་སེར་ཕྲེང་བསྒྲིགས་ཏེ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཀྱང་སྐུ་དངོས་སུ་ཕོ་བྲང་གི་རྒྱལ་སྒོའི་འགྲམ་དུ་རིང་བསྲེལ་གདན་ཞུ་གནང་ཕྱིར་ཕེབས་སྒུག་མཛད། རིང་བསྲེལ་རིན་པོ་ཆེ་ཕོ་བྲང་གི་རྒྱལ་སྒོར་འབྱོར་མཚམས་མགོན་པོ་གང་ཉིད་ཀྱིས་མཇལ་ཁ་ཞུས་ཤིང་། མགོན་པོ་མཆོག་གིས་གཙོས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང་། ཀིརྟི་རིན་པོ་ཆེ། གླིང་རིན་པོ་ཆེ། སྲིད་སྐྱོང་དང་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པ་བཅས་ནས་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱི་བཀྲ་ཤིས་གསུང་འདོན་གནང་སྟེ་རིང་བསྲེལ་རིན་པོ་ཆེ་ཕོ་བྲང་དུ་གདན་ཞུས་གནང་འདུག རིང་བསྲེལ་འདི་༧གོང་ས་མཆོག་ལ་འབུལ་དོན་དང་འབྲེལ་དགའ་ལྡན་ཕོ་བྲང་གི་དྲྭ་བར་འཁོད་པའི་གནས་ཚུལ་ལྟར་ན། སངས་རྒྱས་ཀྱི་བསྟན་པ་ལ་༧གོང་ས་མཆོག་ལས་མཛད་རྗེས་ཆེ་བ་མེད་པ་དང་། བྱང་ཆུབ་སེམས་དཔའ་སྐུ་ཤ་རློན་པ་ཡིན་པའི་ངོས་འཛིན་དང་འབྲེལ། ཤྲི་ལངྐའི་དགེ་འདུན་པ་ཡོངས་རྫོགས་ཀྱི་ཚབ་ཞུས་ཏེ་ཕྱི་ལོ་༢༠༡༧ ལོར་༧གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུའི་ཐག་གཅོད་བྱུང་བ་ཞིག་ཡིན་འདུག རིང་བསྲེལ་འདི་ནི་རྒྱ་གར་དབྱིན་ཇིའི་འོག་ཡོད་སྐབས་དབྱིན་ཇི་ཞིག་གིས་སངས་རྒྱས་སྐུ་བལྟམས་སའི་གནས་སེར་སྐྱའི་གྲོང་ནས་རྙེད་སོན་བྱུང་སྟེ། ཕྱི་ལོ་༡༨༩༨ ལོར་ཤྲི་ལངྐའི་གནས་བརྟན་སུ་བྷུ་ཏི་མཧཱ་ནཱ་ཡ་ཀེ་ཐེ་རོ་ཞུ་བ་ལ་(Subhuthi Mahanayake Thero)lgs གནང་བ་དང་། ད་བར་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡ་ཞེས་པའི་དགོན་དེའི་རྟེན་གཙོར་བཞུགས་པ་ཞིག་ཡིན་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།