༧པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཡོང་ཆེད་ལས་འགུལ་སྤེལ་ཕྱོགས་ཀྱི་བགྲོ་གླེང་། 

པར་རིས་དང་གནས་ཚུལ་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ།

བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་གོ་སྒྲིག་དང་འཕགས་བོད་འབྲེལ་མཐུད་ལས་ཁང་གི་མཐུན་སྦྱོར་འོག་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྒྱ་དམར་གཞུང་གིས་བཙན་ཁྲིད་དང་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་གོ་རྟོགས་དང་། ལྷག་པར་ཁོང་ཉིད་གློད་བཀྲོལ་ཡོང་ཐབས་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་བགྲོ་གླེང་མཛད་སྒོ་ཞིག་ལྡི་ལིར་འཚོགས་འདུག

ཕྱི་ཟླ་༡༢ ཚེས་ ༠༥ ཉིན་འཚོགས་པའི་མཛད་སྒོ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཊ་ཀུ་མཱར། བི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་སུ་ཤིལ་ཀུ་མཱར། རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་རྣམ་རྒྱལ། རྒྱ་གར་གྲོས་ཚོགས་འཐུས་མི་ཅན་དེཤ་བར་པྲ་སཏ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ། དེ་བཞིན་

བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། བོད་མི་མང་སྤྱི་འཐུས་ཨ་ཀྲོང་རིན་ཆེན་རྒྱལ་མཚན། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། རྒྱ་གར་བོད་དོན་རྒྱབ་སྐྱོར་བ། གསར་འགོད་པ་སོགས་མཉམ་ཞུགས་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་༧པཎ་ཆེན་སྐུ་གོང་མའི་མཛད་རྗེས་དང་ཡང་སྲིད་རིན་པོ་ཆེ་དགུང་ན་ཕྲ་དུས་ནས་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཚུལ། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་འདུག་པ་དང་། དེ་བཞིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེས་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་ལ་དད་སེམས་ཞུ་མཁན་དང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་ཀྱི་ཐོབ་ཐང་། བྱིས་པའི་རང་དབང་སོགས་ལ་བརྩི་བཀུར་ཞུ་མཁན། ལྷག་པར་བོད་དང་ཧི་མ་ལ་ཡ་གཙོ་བོར་གྱུར་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་དད་པ་ཞུ་མཁན་གྱི་རྗེས་འབྲང་པ་སྐྱེ་བོ་ས་ཡ་མང་པོ་དང་། རྒྱ་གར་དབུས་གཞུང་དང་གྲོས་ཚོགས་འཐུས་མི་ཡོངས་ལ། སྐུ་གོང་མའི་གལ་ཆེའི་མཛད་པ་ཁག་དང་ད་ལྟའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་མཛད་འགན་དང་གནས་སྟངས་སོགས་སྦྲགས་ཏེ། ད་བར་འབད་བརྩོན་བྱས་ཀྱང་ཡང་སྲིད་རིན་པོ་ཆེ་གང་ཉིད་ལོ་ངོ་༢༨ རིང་གང་དུ་ཡོད་མེད་སོགས་དཔང་རྟགས་གཅིག་ཀྱང་བྱུང་མེད་སྟབས། སྔར་ལྷག་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་པའི་སྐོར་དང་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་རྣམས་ནས་འབད་བརྩོན་གནང་རོགས་ཞུས་ཐོག  རྒྱ་གར་གྱི་གྲོས་ཚོགས་དང་སྲིད་གཞུང་ལ་རེ་འདུན་དོན་ཚན་དྲུག་ཅན་ཞིག་ཞུས་འདུག 

དེའི་ནང་དུ། 

༡། རྒྱ་གར་གྲོས་ཚོགས་འཐུས་མི་ལྷན་རྒྱས་ནས་པཎ་ཆེན་རིན་པོ་ཆེའི་སྐུ་གཟུགས་འཕྲོད་བསྟེན་སོགས་ཀྱི་ཐད་རྒྱ་ནག་ཏུ་ཡོད་པའི་གཞུང་ཚབ་སོགས་ཀྱི་གནས་ཚུལ་ཁྲིམས་མཐུན་གྱིས་གསལ་རྟོགས་ཡོང་བའི་འབོད་སྐུལ་ཞུ་བ། 

༢། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་ལ་དགུང་ལོ་ ༦ ནས་ད་བར་མི་ལོ་ ༢༨ རིང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས། བྱིས་པའི་ཐོབ་ཐང་སོགས་མདོར་ན་རྒྱ་དམར་གཞུང་གིས་བཙན་འོག་ཐོག་འགྲོ་འདུག་སྤྱོད་གསུམ་ཐོག་གཞི་རྩའི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་རྩ་བ་ནས་མེད་པའི་ངོས་བཞེས་ཀྱི་གཟེངས་རྟགས་འབུལ་ཐབས་ཡོང་བ།

༣། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གར་སོང་ཆ་མེད་ཡིན་པ་དང་། དེའི་ཐོག་ཐུགས་འཚབ་ཡོད་པའི་ཐུན་མོང་གི་བསྒྲགས་གཏམ་དང་། དེའི་སྟེང་འཐུས་མི་རྣམ་པས་མཚན་རྟགས་བཀོད་གནང་ཡོང་བ།

༤། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་རྒྱ་ནག་རང་ནས་ངོས་འཛིན་བྱ་རྒྱུའི་ལས་གཞི་དེ་དག་བོད་ཀྱི་སངས་རྒྱས་པའི་བསྟན་པ་དང་བོད་དུ་དབང་སྒྱུར་བྱ་རྒྱུའི་ཇུས་ངན་འཚམས་འཇོག་དགོས་པ་དང་། ལྷག་པར་དུ་པཎ་ཆེན་རིན་པོ་ཆེ་དང་། ཁོང་གི་ནང་མི་བཅས་གར་ཡོད་གསལ་བཤད་དགོས་པའི་གྲོས་ཆོད་ཁྲིམས་འཆར་གཏན་འབེབས་ཡོང་བ།

༥། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་། ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་དང་། བཙོན་འོག་ཏུ་ཡོད་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་། བོད་ནང་ཛ་དྲག་གི་གནས་སྟངས་འོག་རང་ལུས་མེར་བསྲེགས་འབུལ་མཁན་གྲངས་བོད་མི་ ༡༥༨ དང་། ལྷག་པར་ཉེ་ཆར་རང་ལུས་མེར་སྲེག་འབུལ་མཁན་ཚེ་དབང་ནོར་བུ་ལགས་དང་བཀྲ་ཕུན་ལགས་བཅས་ཀྱི་འབོད་སྒྲ་ནི་བོད་ལ་དྲང་བདེན་དང་རྒྱབ་སྐྱོར་ཡོང་དགོས་པ་སོགས་གཙོ་འདོན་ཞུས་ཡོད་པས་གྲོས་ཚོགས་འཐུས་མི་ཡོངས་ནས་ངེས་པར་དུ་འབོད་སྒྲ་གནང་རོགས་ཞུ་བ།

༦། བོད་མི་མང་གི་མངོན་འདོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མྱུར་དུ་བོད་ནང་ཕེབས་ཐུབ་ཐབས་དང་། ཁོང་གི་དགོངས་གཞིར་ཡོད་པའི་གཉིས་སྨན་དབུ་མའི་ལམ་གྱི་བོད་དོན་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་བཅས་ཡིན་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།