༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱ་གཞུང་བཙན་ཁྲིད་བྱས་ནས་མི་ལོ་༢༨འཁོར་བ།

ཟླ་འདིའི་ཚེས་༡༧ ཉིན་དགུང་ལོ་༣༤ ལོན་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ནས་མི་ལོ ༢༨ འཁོར་བར་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ཀྱིས་པཎ་ཆེན་རིན་པོ་ཆེ་བཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་དང་ས་གནས་གང་སར་ནས་ལས་འགུལ་སྤེལ་ཡོད་པ་རེད།
ཕྱི་ལོ་༡༩༩༥ ཟླ་ ༥ པའི་ཚེས་ ༡༧ ཉིན་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་གཉིས་དང་ལྷན་དུ་རྒྱ་གཞུང་གིས་ནག་ཆུ་ལྷ་རི་རྫོང་ཁོང་གི་འཁྲུངས་གཞིས་ནས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། སྐབས་དེར་ཁོང་དགུང་ལོ་དྲུག་ལས་ལོན་མེད་པ་དང་།
འདས་པའི་ལོ་ངོ་༢༨ རིང་ཁོང་སྐུ་འཚོ་བཞུགས་ཡིན་མིན་དང་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཐོག་བོད་དོན་རྒྱབ་སྐྱོར་བས་གཙོས་པའི་འབྲེལ་ཡོད་ཀུན་གྱིས་ཐབས་འཚོལ་ཇི་ལྟར་བྱས་ཀྱང་ད་བར་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
དུས་དྲན་ཉིན་མོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། “རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ཁག་ལ་མིང་རྟགས་བཀོད་དེ་མོས་མཐུན་ཞུས་ཡོད་ཀྱང་ད་དུང་མུ་མཐུད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་རྩིས་མེད་རྡོག་རོལ་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་གནང་ཡོད་ལ། དེ་བཞིན་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག་ནས་ཀྱང་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་སྐུ་གཟུགས་གསལ་ཐང་ཡིན་མིན་དང་། གང་དུ་ཡོད་མེད་ཀྱི་གནས་ཚུལ་ཡོངས་ཁྱབ་ཀྱི་གསལ་བསྒྲགས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གིས་དབུས་ཡབ་ཡུམ་རྣམ་པ་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཡོངས་ཁྱབ་ཀྱི་གསལ་བསྒྲགས་བྱེད་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་དབུ་ཁྲིད་རྣམ་པ། བོད་དོན་ཞུ་གཏུག་པ་རྣམ་པ་བཅས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།
ང་ཚོའི་ངོས་ནས་མུ་མཐུད་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་འཁུར་དུ་འཇུག་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གྲོས་མཐུན་ཁག་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།།”ཅེས་འཁོད་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།