༸གོང་ས་མཆོག་གིས་མེ་འཁོར་བརྡབ་སྐྱོན་གྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་འདུག

ཟླ་འདིའི་ཚེས་ ༠༣ ཉིན་༸གོང་ས་མཆོག་གིས་ཁ་སང་ཕྱི་དྲོ་ཨོ་ཊི་ཤ་ལ་མེ་འཁོར་བརྡབ་སྐྱོན་ཤོར་ཏེ་མི་ཤི་སྐྱོན་ཆག་བྱུང་བར་ཨོ་ཊི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་ཝིན་པཊ་ན་ཡིཀ་ (Naveen Patnaik) མཆོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག

མགོན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང། ངོས་ཀྱིས་ཆག་སྒོ་དེ་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་གྱི་ལྟོས་བཅས་ནང་མི་རྣམས་ལ་ཐུགས་གསོ་ཞུ་རྒྱུ་དང་། སྨས་སྐྱོན་ཕོག་མཁན་ཚོར་མྱུར་དུ་དྲག་སྐྱེད་ཡོང་བའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡིན།

གོད་ཆགས་འཕོག་ཡུལ་དུ་མངའ་སྡེ་དང་དབུས་གཞུང་གི་འབྲེལ་ཡོད་ཐེ་བའི་ཚོགས་སྒེར་རྣམས་ནས་སྨན་བཅོས་ལྟ་སྐྱོང་དང་དགོས་ངེས་རོགས་ཕན་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང་། ངོས་ཀྱིས་ཨོ་ཊི་ཤ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཕྱིར་ཏཱ་ལའི་བླ་མ་ཐེབས་རྩ་ནས་སྨན་བཅོས་དང་ཉེན་སྐྱོབ་ལས་གཞིའི་ཆེད་ཞལ་འདེབས་འབུལ་གྱི་ཡོད།

སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་ངོས་རང་ཨོ་ཊི་ཤ་མངའ་སྡེར་ཐེངས་མང་བསྐྱོད་རྒྱུ་བྱུང་ལ། ཕྱི་ལོ་ ༢༠༡༧ ལོར་སྐུ་ཉིད་དང་མཇལ་འཕྲད་ཞུ་རྒྱུ་བྱུང་། ཞེས་གསུངས་ཡོད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།