༸གོང་ས་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་གཞོན་པར་འཚམས་འཕྲིན་བསྩལ།
ཉེ་ཆར་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་འོས་བསྡུའི་ཁྲོད། སྐུ་ཞབས་རཱ་དྷཱ་ཀྲིཤ་ནན་ (C.P. Radhakrishnan) མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པ་བདམས་ཐོན་བྱུང་པར་༸གོང་ས་མཆོག་ནས་འཚམས་འཕྲིན་བསྩལ་འདུག

ཕྱི་ཚེས་༡༡ ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཐོག་ཏུ་གནས་ཚུལ་སྤེལ་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་རཱ་དྷཱ་ཀྲིཤ་ནན་ (C.P. Radhakrishnan) རྒྱ་གར་གྱི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག
དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། ཕྱི་ལོ་༡༩༥༩ ནས་བཟུང་ངོས་དང་ངོས་ཀྱི་མི་མང་རྣམས་རྒྱ་གར་དུ་བཙན་བྱོལ་དུ་ཡོང་རྗེས་རྒྱ་གར་གྱིས་མགྲོན་བསུ་སྣེ་ལེན་གནང་བར་བཀའ་དྲིན་དྲན་བཞིན་ཡོད་ལ། ངོས་རང་རྒྱ་གར་གཞུང་གི་ཆེས་རྒྱུན་རིང་ཤོས་ཀྱི་མགྲོན་པོ་ཞིག་ཡིན་པའི་ཆ་ནས་རྒྱ་གར་རྒྱལ་ཡོངས་སུ་འགྲོ་བསྐྱོད་སྐབས་སྤྱི་ཚོགས་འདྲ་མིན་གྱི་མི་སྣ་དང་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་ཞེས་དང་།
ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱ་གར་གྱི་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཉར་ཚགས་བྱས་ཡོད་པས། དེང་སང་འཛམ་གླིང་ཡོངས་སུ་དེ་དག་དར་ཁྱབ་འགྲོ་བཞིན་ཡོད། ལྟ་གྲུབ་དེ་དག་གིས་སྤྱི་དང་སྒེར་གཉིས་ཀར་ཞི་བདེ་སྐྲུན་པའི་ནུས་པ་ཡོད་པ་མ་ཟད། རྒྱ་གར་ནི་ཚོགས་སྡེ་འདྲ་མིན་མཉམ་གནས་ཀྱི་ཆོས་ལུགས་མཐུན་སྒྲིལ་ལྡན་པའི་ས་ཁུལ་ཞིག་ཡིན།
ངོས་རང་རྟག་ཏུ་རྒྱ་གར་གྱི་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། ངོས་ཀྱི་ལྟ་གྲུབ་དེའང་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་ལས་ཤུགས་རྐྱེན་སྤྲད་ཡོད། དེ་ཡང་ཚང་མས་མཁྱེན་གསལ་ལྟར་བོད་བརྒྱུད་ནང་བསྟན་ནི་རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་གི་མཁས་པའི་གཏན་ཚིགས་དང་དཔྱད་ཞིབ་ཀྱི་སྲོལ་རྒྱུན་ལ་བརྟེན་ཡོད་ཅེས་གསུངས་གནང་འདུག
མཐར་༸མགོན་པོ་མཆོག་གིས་སྲིད་འཛིན་གཞོན་པ་སྐུ་ཞབས་རཱ་དྷཱ་ཀྲིཤ་ནན་མཆོག་གི་ལས་ཡུན་རིང་རྒྱལ་ཁབ་ཀྱི་མི་མང་རྣམས་ཀྱི་མངོན་འདོད་བསྐོང་ཐུབ་པར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་མཛད་གནང་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།