༸གོང་ས་མཆོག་དང་སྲིད་སྐྱོང་རྣམ་གཉིས་ལ་གཟེངས་རྟགས་ཕུལ་བ།
ཟླ་ ༥ ཚེས་ ༢༡ ཉིན་མདོ་ཁམས་སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ངོས་ནས། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་དང། སྲིད་སྐྱོང་བློ་བཟང་སེང་གེ་གཙོས་པའི་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པ་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་ཡོད་པ་རེད།
དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ། མདོ་ཁམས་སྦྲ་སོག་འབྲི་གསུམ་མཉལ་སྒྲིལ་སྐྱིད་སྡུག་གིས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་བསྐལ་བཟང་དུས་ཚོད་དང་བསྟུན་ནས། བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གཟེངས་བསྟོད་དང་ལྷན། གསེར་ཟངས་ལས་གྲུབ་པའི་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཨིན་ཅི་༡༢ ཅན་ཞིག་སྐུ་ཚེ་ཡུན་རིང་བརྟན་པའི་རྟེན་འབྲེལ་ཆེད་དུ་ཕུལ་ཡོད་པ་རེད། དེའི་སྐོར་སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ་སྤྱི་འཐུས་ངག་དབང་ཐར་པས་གསུང་དོན། མགོན་པོ་གང་ཉིད་ཀྱིས་སྐུ་ན་ཆུང་དུས་ནས་ད་བར་སྤྱིར་འཛམ་གླིང་ཞི་བདེ་དང། ཆོས་ལུགས་མཐུན་སྒྲིལ། སྒོས་སུ་བོད་གངས་ཅན་ལྗོངས་ཀྱིི་ཆོས་སྲིད་ལུགས་གཉིས་ཀྱི་དོན་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་ནས། བཙན་བྱོལ་བོད་གཞུང་གསར་འཛུགས་གནང་བ་སོགས་བསམ་ཡུལ་ལས་འདས་པའི་མཛད་འཕྲིན་ལ་སྟོང་གསུམ་ནོར་གྱིས་བཀང་སྟེ་ཕུལ་ཡང་བཀའ་དྲིན་གཞལ་ཐབས་བྲལ་ནའང། སྦྲ་སོག་འབྲི་གསུམ་མི་མང་གི་མངོན་འདོད་ལྟར་གཟེངས་རྟགས་འདི་ཕུལ་བ་ཡིན་ལ། དེ་དང་མཉམ་དུ་བོད་ས་ཁྱོན་ཡོངས་ཀྱི་ནང་ནས་དེང་སྐབས་རྒྱ་གཞུང་གིས་དམ་དྲག་དང་། གནོན་བཙིར་གྱི་དཀའ་སྡུག་ཤུགས་ཆེར་འཕྲད་སའི་ས་གནས་སྦྲ་སོག་འབྲི་གསུམ་གྱི་སྤུན་ཟླ་རྣམས་དྲག་གནོན་སུན་བཙིར་གྱི་རྒྱ་ལས་མྱུར་དུ་གྲོལ་བའི་ཐུགས་སྨོན་སྐྱབས་འཇུག་ཀྱང་གནང་རོགས་ཞུས་པ་ཡིན་ཞེས་བརྗོད་སོང།
ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག མདོ་ཁམས་སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ངོས་ནས། སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་དང་། ཕྱག་སྦྲེལ་བཀའ་བློན་རྣམས་ལ་གཟེངས་བསྟོད་འབུལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད། དེ་ཡང་ཐོག་མར་བཀའ་ཤག་ཚོགས་ཁང་ནང་སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམ་པ་ལྷན་འཛོམས་ཐོག མདོ་ཁམས་སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ངག་དབང་ཐར་པས་གཟེངས་རྟགས་འབུལ་བའི་དགོས་དམིགས་དང་འབྲེལ་ནས་གཏམ་བཤད་སྐབས། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་༢༠༡༡ ནས་ ༢༠༢༡ བར་མི་ལོ་བཅུའི་རིང་༸གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་གནང་བ་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་དྲིལ་བསྒྲགས་ཚད་མཐོ་གནང་ཐུབ་པ་སོགས་རླབས་ཆེན་གྱི་མཛད་རྗེས་ཁག་ལ་ལེགས་གསོའི་གཟེངས་བསྟོད་དུ་ཅེས་སོགས་དང་། ད་ལམ་འཛིན་སྐྱོང་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་རིང་། ཕྱི་ནང་འགལ་རྐྱེན་གང་ལའང་མ་ལྟོས་པར། བཀའ་བློན་རྣམ་པས་སོ་སོའི་ལྷན་ཁང་ཁག་གི་ལས་དོན་ཁག་འཐུས་ཤོར་མེད་པར་སྒྲུབ་པའི་བཀའ་དྲིན་རྗེས་དྲན་དུ། སྲིད་སྐྱོང་མཆོག་ལ་གཟེངས་རྟགས་དང་ལྷན་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་བརྙན་ཨིན་ཅི་༡༢ ཅན་ཞིག་དང། བཀའ་བློན་རྣམ་པ་སོ་སོར་བདག་ཅག་གི་སྟོན་པ་བདེ་བར་གཤེགས་པའི་སྐུ་བརྙན་ཨིན་ཅི་༩ ཅན་རེ་གཟེངས་བསྟོད་ཀྱི་ཚུལ་དུ་ཕུལ་ཡོད་པ་རེད།།
གསར་འགོད་པ་དཀོན་མཆོག་རབ་བརྟན།