༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཞལ་འདེབས་ཕོན་ཆེན་གནང་འདུག
བོད་མི་ཚོས་རྒྱ་གར་ནང་གི་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་ལ་ཞལ་འདེབས་ཤིན་ཏུ་མང་པོ་འབུལ་བཞིན་པ་ཡོད་པ་དང་། ཉེ་ཆར་ྋསྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཀུན་བདེ་གླིང་རྟ་ཚག་དགེ་རྩ་བརྒྱུད། ཁྱོན་བསྡོམས་ཧིན་སྒོར་ས་ཡ་གཉིས་དང་ཆིག་བརྒྱ་བཅུ་གསུམ་གྱིས་ཞལ་འདེབས་གནང་འདུག
དེ་ཡང་ཚེས་༢༠ ཉིན་ཀུན་བདེ་གླིང་བླ་བྲང་ནས་སྤེལ་བའི་བསྒྲགས་གཏམ་ཞིག་ནང་འཁོད་གསལ། དེང་སྐབས་ཏོག་དབྱིབས་ནད་ཡམས་འཛམ་གླིང་ལ་ཁྱབ་བརྡལ་ཤུགས་ཆེར་འགྲོ་མུས་འདིས་མི་ས་ཡ་དུ་མར་ལུས་སེམས་ལ་དཀའ་སྡུག་ཆེན་པོ་སྤྲད་མུས་དང་། རང་རེར་དཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱ་གར་ལའང་ཉེན་ཚབ་ཇི་ཆེར་འགྲོ་བཞིན་པ་འདི་ཉིད་འགོག་ཐབས་སུ་རྒྱ་གར་གཞུང་གི་ཁྱིམ་སྡོད་བཀའ་རྒྱའི་འོག་ཉམ་ཐག་རོགས་སྐྱོར་ཆེད་ྋསྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཀུན་བདེ་གླིང་རྟ་ཚག་དགེ་རྩ་བརྒྱུད། ལྷོ་ཕྱོགས་ཀར་ན་ཀྲ་ཀ་མོན་གྷོ་སོགས་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་སྔ་རྗེས་སུ་དཀའ་ངལ་ཅན་གྱི་ཁྱིམ་ཚང་གཅིག་སྟོང་བརྒྱ་དང་བཅུ་གསུམ་ ༼༡༡༡༣༽ ལ་ཧིན་སྒོར་འབུམ་དགུ་དང་ཁྲི་ ལྔ་ ༼༩༥༠༠༠༠༽ ཐམ་པ་མ་གནས་ཀྱི་ཟ་ཆས་རོགས་སྐྱོར་ཞུས་པ་དང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་ཉམས་ཐག་ལ་ཟས་སྦྱིན་སྐབས་ཞལ་འདེབས་ཧིན་སྒོར་ཁྲི་ལྔ་ ༼༥༠༠༠༠༽ བཅས་ཟ་ཆས་རོགས་སྐྱོར་སླད་ཁྱོན་ཧིན་སྒོར་འབུམ་བཅུ་༼༡༠༠༠༠༠༠༽། དབུས་བོད་མིའི་སྒྲིག་འཛུགས་ལ་ཧིན་སྒོར་འབུམ་ལྔ་དང་ཆིག་བརྒྱ་བཅུ་གསུམ། ༼༥༠༠༡༡༣༽། སྤྱི་ཟླ་༣པའི་ཚེས་༣༡ ཉིན་རྒྱ་གར་སྲིད་བློན་མཆོག་གི་གཟིགས་སྐྱོང་ཐེབས་རྩར་ཞལ་འདེབས་ཧིན་སྒོར་འབུམ་གཅིག་ ༼༡༠༠༠༠༠༽། ཧི་མ་ལ་ཡ་མོན་ཡུལ་དུ་ཉམ་ཐག་རྣམས་ལ་བཟའ་བཅའ་དང་། འཕྲོད་བསྟེན་དགོས་མཁོ་ཆེད་ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་བརྒྱུད་ཧིན་སྒོར་འབུམ་བཞི་ ༼༤༠༠༠༠༠༽ བཅས་གོང་གསལ་ལྟར་ཁྱོན་བསྡོམས་ཧིན་སྒོར་ས་ཡ་གཉིས་དང་ཆིག་བརྒྱ་བཅུ་གསུམ་ ༼༢༠༠༠༡༡༣༽ ཐམ་པ་རོགས་རམ་མཛད་པ་དང་། དེང་སྐབས་ནད་ཡམས་སྔོན་འགོག་འོག་ནམ་ཉིན་ལྟོས་མེད་ཕྱག་ལས་གནང་མཁན་སྨན་པ་དང་། སྨན་ ཞབས། བདེ་སྲུང་ཉེན་རྟོག་མི་སྣ་ཚོར་བསྔགས་བརྗོད་ཡི་རང་དང་། དཀའ་སྡུག་ཆེ་བའི་ཉམ་ཐག་ཚོར་བཟའ་བཅའ་སོགས་རོགས་སྐྱོར་རྣམ་མང་གནང་མཁན་བྱམས་དང་སྙིང་རྗེས་ཐུགས་རྒྱུད་ཕྱུག་པའི་སྐྱེས་མཆོག་དང་། ཚོགས་སྡེ་ཁག་མང་པོ་ཡོད་འདུག་པ་དེ་དག་ལའང་རྗེས་སུ་ཡི་རང་དང་འབྲེལ་རང་གཞན་གྱི་དགེ་རྩའི་ནུས་མཐུ་ལ་བརྟེན་ནས་ྋསྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། མགོན་པོ་གང་གི་ཀུན་ཁྱབ་ཐུགས་འཁུར་གྱིས་བླང་དོར་ལམ་སྟོན་ལྟར་ཤར་བསྐྱོད་ གནང་ཐུབ་ཚེ་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་ནད་ཡམས་མྱུར་དུ་ཞི་ནས་འགྲོ་བ་རྣམས་བདེ་དགའི་དཔལ་ཡོན་ལ་ལོངས་སྤྱོད་ཐུབ་ པའི་ཡིད་ཆེས་དང་སྨོན་འདུན་གྲངས་མེད་བཅས་ཞེས་འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།