ཀརྨ་བསམ་གྲུབ་ལྷ་ས་ནས་འཛིན་བཟུང་བྱས་ཡོད་འདུག

ཕྱི་ལོ་༢༠༢༢ ཟླ་༨ ཚེས་༡༢ ཉིན་ཕ་ཡུལ་ནག་ཆུ་ནས་ཡིན་པའི་ཀརྨ་བསམ་གྲུབ་ཅེས་པ་ཞིག ༧གོང་ས་མཆོག་གི་སྐུ་པར་བདག་ཉར་བྱས་པ་དང། ཁ་བྲལ་རིང་ལུགས་པར་ངན་འབྲེལ་ཡོད་པར་བསྙད་དེ་རྒྱ་གཞུང་གི་ཉེན་རྟོག་པས་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་ས་སོགས་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་འགྲོ་བཞིན་པར་བརྟེན། ས་གནས་གང་སར་དམ་དྲག་དང་སྔོག་བཤེར་བྱེད་བཞིན་པའི་སྐབས། ཕྱི་ཟླ་༨ ཚེས་༡༢ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་ལྷ་ས་ནས་ནག་ཆུ་རྫོང་གསེར་རྙེད་ཡུལ་ཚོ་ནས་ཡིན་པའི་ན་གཞོན་ཀརྨ་བསམ་གྲུབ་ཀྱི་སྐེ་རུ་བཏགས་ཡོད་པའི་༧གོང་ས་མཆོག་གི་སྐུ་པར་དང་། རླངས་འཁོར་ནང་ཡོད་པའི་༧གོང་ས་མཆོག་གི་སྐུ་པར་ཚང་མ་འཕྲོགས་ནས་འཛིན་བཟུང་བྱས་ཡོད་འདུག ཁོང་གིས་རྒྱུན་དུ་༧གོང་ས་མཆོག་གི་སྐུ་པར་སྐེ་ལ་འདོགས་པ་དང་རླངས་འཁོར་ནང་བཞག་གི་ཡོད་འདུག རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་སྐབས་གཙོ་བོ་༧གོང་ས་མཆོག་གི་སྐུ་པར་བདག་ཉར་བྱས་ཡོད་པ་མ་ཟད། ཁ་བྲལ་རིང་ལུགས་པ་དང་ངན་འབྲེལ་ཡོད་པར་སྙད་བཏགས་ནས་འཛིན་བཟུང་བྱས་འདུག

ད་ལྟ་ཁོང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང། གནས་སྟངས་ག་འདྲ་ཞིག་གི་འོག་ཏུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་ཅིང། ཁོང་ལ་ནང་དུ་ཨ་མ་དང་སྲིང་མོ་གཅིག་ལས་ནང་མི་གཞན་མེད་པའི་གནས་ཚུལ་འདུག  །

གསར་འགོད་པ་སྐལ་བཟང་དོན་གྲུབ།