ཀེམ་ཇོང་གིས་པུ་ཊིན་གྱི་ཐག་གཅོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པར་བརྗོད་འདུག

ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་སྲིད་འཛིན་གཉིས་མཇལ་འཕྲད་གནང་ཡོད་འདུག་པ་མ་ཟད་བྷི་བྷི་སི་གསར་ཁང་གིས་བརྗོད་གསལ་ལྟར་ན། ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་གྲོགས་པོ་བྱེད་འདོད་ཡོད་པར་རྒྱུ་མཚན་གསུམ་ཞིག་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༣ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་ཨུ་རུ་སུའི་ཤར་ཕྱོགས་སུ་ཡོད་པའི་ལུང་ཁུག་(Vostochny Cosmodrome) ཞེས་པའི་ས་ཁུལ་དུ་མཇལ་འཕྲད་གནང་ཡོད་འདུག ས་ཆ་དེ་ནི་ཨུ་རུ་སུའི་བཅོས་མའི་རྒྱུ་སྐར་དང་མེ་ཤུགས་འཕུར་མདའ་སོགས་མཁའ་སྤྱོད་འཕྲུལ་འཁོར་གྱི་རིགས་བར་སྣང་དུ་གཏོང་བ་དང་ཚོད་ལྟ་སོགས་ཀྱི་ཆེད་བཟོས་པའི་ས་ཁུལ་ཞིག་ཆགས་ཡོད་འདུག

ཐེངས་འདིའི་མཇལ་འཕྲད་ཐོག་བྱང་ཀོ་རེ་ཡའི་སྲིད་འཛིན་གྱིས་ཨུ་རུ་སུའི་སྲིད་འཛིན་གྱི་ཐག་གཅོད་ལ་རྟག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་དང་བྱང་ཀོ་རེ་ཡའི་ཨུ་རུ་སུ་ལ་ཆ་རྐྱེན་མེད་པའི་སྒོ་ནས་རྒྱབ་སྐྱོར་ཆ་ཚང་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

ཨུ་རུ་སུའི་སྲིད་འཛིན་གྱིས་བྱང་ཀོ་རེ་ཡའི་འཁོར་སྐར་འཛུགས་སྐྲུན་བྱེད་རྒྱུ་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག  ལོ་འདིའི་ནང་བྱང་ཀོ་རེ་ཡས་འཁོར་སྐར་ཚོད་ལྟ་ཐེངས་གཉིས་བྱས་ཀྱང་ལེགས་གྲུབ་བྱུང་མེད་པ་རེད་འདུག

བྷི་བྷི་སི་གསར་ཁང་གིས་ཨུ་རུ་སུ་ནི་དམག་འཁྲུག་གི་ནང་ལྷུང་ཡོད་པ་དང་བྱང་ཀོ་རེ་ཡས་ཨུ་རུ་སུ་ལ་མེ་སྒྱོགས་སོགས་མཚོན་ཆའི་རིགས་མཁོ་སྤྲོད་བྱེད་ཐུབ་པ་དང་། བྱང་ཀོ་རེ་ཡས་ས་མཚམས་ཡུན་རིང་སྒོ་བརྒྱབ་ཡོད་པ་དང་ལྷག་པར་དུ་ནུབ་ཕྱོགས་པ་ཚོས་ཉེས་ཆད་དུ་མ་ཞིག་བཅད་ཡོད་པར་བརྟེན། བྱང་ཀོ་རེ་ཡ་ལ་ཟ་འབྲུའི་རིགས་དང་སྣུམ། དེ་བཞིན་དཔལ་འབྱོར་གྱིས་མ་འདང་བའི་དཀའ་ངལ་ཡོད་པར་བརྟེན། ཨུ་རུ་སུས་བྱང་ཀོ་རེ་ཡའི་གནད་དོན་དེ་དག་གི་ཐོག་ལ་རོགས་རམ་བྱེད་ཐུབ་པ་མ་ཟད། འཕྲུལ་རིག་མཁོ་སྤྲོད་བྱས་ནས་བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་རྒྱུ་ལ་ཕན་ཐོགས་ཡོང་བ་བཅས་ཕྱོགས་གཉིས་ཀྱི་ཕན་ཚུན་དགོས་མཁོ་སྐོང་རེས་བྱེད་ཐུབ་པར་བརྟེན་གྲོགས་པོ་བྱེད་འདོད་ཡོད་པ་དང་། གཉིས་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དེ་སྔ་ནས་ཉེས་ཆད་བཅད་ཡོད་པ་མ་ཟད། ཉེ་བའི་ཆར་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་ནས་བཟུང་ཉེས་ཆད་ཇེ་ཆེ་རུ་ཕྱིན་ཡོད་འདུག དེ་བཞིན་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་བྱང་ཀོ་རེ་ཡ་ལ་ཉེས་ཆད་བཅད་ཡོད་པ་མ་ཟད། ལྷོ་ཀོ་རེ་ཡ་ལ་དམག་སྦྱོང་བྱས་པ་དང་དཔལ་འབྱོར་དང་མཚོན་ཆའི་རོགས་པ་བྱས་པ་སོགས། ཨུ་རུ་སུ་དང་བྱང་ཀོ་རེ་ཡ་གཉིས་ཀ་རྒྱལ་སྤྱིའི་ནང་ཁེར་རྐྱང་དུ་ལུས་བཞིན་ཡོད་པ་དང་ཁོང་གཉིས་ཀ་ལ་ཐུན་མོང་གི་དགྲ་བོ་ཡོད་པས་གྲོགས་པོ་སྒྲིག་འདོད་ཡོད་འདུག

གསུམ་ནི་རྒྱལ་ཁབ་གཉིས་ཀ་དཀའ་ངལ་ནང་ལྷུང་བཞིན་པའི་སྐབས་དེར་རྒྱ་ནག་ལ་བརྟེན་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག་པས་ཕྱོགས་གཉིས་བར་ཐུན་མོང་གི་གྲོགས་པོ་ཡོད་པས་ཨུ་རུ་སུ་དང་བྱང་ཀོ་རེ་ཡ་གཉིས་གྲོགས་པོ་སྒྲིག་འདོད་པ་ཡིན་འདུག ལྷག་པར་དུ་ཐེངས་འདིའི་མཇལ་འཕྲད་བརྒྱུད་ཨུ་རུ་སུས་སོ་སོའི་གྲོགས་པོ་བདམས་པ་ལ་སུས་ཀྱང་ཤུགས་རྐྱེན་སྤྲད་མི་ཐུབ་ཅེས་ཨ་རི་ལ་བརྡ་ལན་ཞིག་སྤྲོད་བཞིན་ཡོད་པ་དང་བྱང་ཀོ་རེ་ཡས་ལྷོ་ཀོ་རེ་ཡ་ལ་ཨ་རི་དང་རྒྱང་ཐག་རིང་དུ་འགྲོ་དགོས་པའི་ཉེན་བརྡ་ཞིག་གཏོང་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།