ཀེམ་དང་ཊོམ་གཉིས་ཐུག་འཕྲད་བྱེད་ལ་ཉེ་དུས་ཉི་ཧོང་གི་སྲིད་བློན་ཊོམ་ཐུག་ཏུ་བསྐྱོད།
ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཐུག་འཕྲད་བྱེད་ལ་ཁད་དུ་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཨ་རིར་བསྐྱོད་ནས་ཟླ་འདིའི་ཕྱི་ཚེས་༧ ཉིན་ཊོམ་དང་ཐུག་འཕྲད་བྱ་རྒྱུ་རེད་འདུག
ཟླ་འདིའི་ཕྱི་ཚེས་༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་བར་གནས་རྒྱལ་ཁབ་སེང་གྷ་པུར་དུ་འཚོག་ལ་ཉེ་བའི་སྐབས་འདིར། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བསྐྱོད་ནས་ཌོ་ནལ་ཊོམ་དང་ཐུག་འཕྲད་བྱེད་འཆར་ཡོད་འདུག་ཅིང་། དེ་ནི་ཉི་ཧོང་གི་ཕྱི་འབྲེལ་ལས་དོན་གྱི་ཆེད་དུ་ཡིན་སྐོར་འདུག
ཨ་བྷེས་ཨ་རིར་མ་སོང་གོང་དུ་རྡུལ་མཚོན་དང་འཕུར་མདའ། དེ་བཞིན་མི་བཙན་ཁྲིད་བྱས་པ་བཅས་ཀྱི་དཀའ་རྙོག་ཞི་ཐབས་སུ་མཉམ་འབྲེལ་བྱེད་རྒྱུར་དམིགས་ནས་སྲིད་འཛིན་ཌོ་ནལ་ཊོམ་དང་ཐུག་འཕྲད་བྱེད་དུ་འགྲོ་ཡི་ཡོད་སྐོར་བརྗོད་ཡོད་འདུག་ཅིང་། དངོས་སུ་ཐུག་འཕྲད་སྐབས་ཉི་ཧོང་གི་བདེ་འཇགས་ཀྱི་གནད་དོན་ཐོག་གླེང་སློང་བྱེད་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད་འདུག
ཨ་རིའི་སྲིད་འཛིན་ལས་ཐོག་པ་ཌོ་ནལ་ཊོམ་གྱིས་སྲིད་འཛིན་ལས་འཁུར་བླངས་རྗེས་ནས་བཟུང་། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེས་འཆར་ཅན་ངང་ཁོང་ལ་ཐུག་འཕྲད་བྱས་ཡོད་འདུག་པ་མ་ཟད། དེ་སྔོན་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨུན་དང་ཐུག་འཕྲད་བྱེད་རྒྱུའི་འདོད་པ་ཡོད་སྐོར་གསལ་བསྒྲགས་བྱས་ནས་བཟུང་། ཨ་བྷེས་བྱང་ཀོ་རི་ཡ་དང་འབྲེལ་བའི་ཉི་ཧོང་གི་གནད་དོན་གྱི་སྐོར་ཊོམ་ལ་གླེང་རྒྱུའི་འདུན་པ་ཤིན་ཏུ་འཕེལ་ཡོད་སྐོར་གྱི་གནས་ཚུལ་ཡང་འདུག
ཕྱི་ལོ་༡༩༧༠ ནང་དང་༡༩༨༠ ནང་བྱང་ཀོ་རི་ཡས་ཉི་ཧོང་གི་མི་མང་པོ་ཞིག་བཙན་ཁྲིད་བྱས་ཏེ། དེ་དག་བརྒྱུད་བྱང་ཀོ་རི་ཡའི་གསང་མྱུལ་བ་རྣམས་ལ་ཉི་ཧོང་གི་སྐད་དང་ལམ་ལུགས་ཐད་གོ་རྟོགས་སྤེལ་ཡོད་པ་དང་། གནད་དོན་དེའི་ཐོག་བྱང་ཀོ་རི་ཡས་ཉི་ཧོང་གི་མི་༡༣ བཙན་ཁྲིད་བྱས་ཡོད་པར་ངོས་ལེན་བྱས་ཡོད་ཀྱང་། དོན་དངོས་ཐོག་དེ་ལས་མང་བ་བཙན་ཁྲིད་བྱས་ཡོད་འདུག་པ་མ་ཟད། ད་ཐེངས་ཨ་རི་དང་བྱང་ཀོ་རི་ཡའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་འཚོག་ལ་ཉེ་བ་དང་བསྟུན་ཤིན་ཛོ་ཨ་བྷེ་ཨ་རིར་ཌོ་ནལ་ཊོམ་ཐུག་ཏུ་བསྐྱོད་པ་འདི་ནི། རྡུལ་མཚོན་མེད་པ་བཟོ་རྒྱུའི་ལས་རིམ་ལ་གནོད་པ་བཟོ་འདོད་ཀྱི་ཐོག་ནས་ཡིན་སྐོར་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ལམ་ཐོག་སྐྱོན་བརྗོད་བྱས་ཡོད་འདུག
ཕྱོགས་མཚུངས་སེང་གྷ་པུར་གྱི་ཕྱི་སྲིད་བློན་ཆེན་ཝི་ཝེན་བྷ་ལ་ཀི་རི་ཤ་ནན་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་རཱི་ཡོང་ཧོ་དང་ཐུག་འཕྲད་བྱ་ཕྱིར་ཡུལ་དེའི་རྒྱལ་ས་ཧྥོན་ཡང་དུ་བསྐྱོད་ཡོད་འདུག
དེ་སྔོན་ཕྱི་ཟླ་༥ པའི་ཚེས་༡༠ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕྱི་ཟླ་༦ པའི་ཚེས་༡༢ ཉིན་སེང་གྷ་པུར་དུ་ཀེམ་ཇོང་ཨན་དང་ཐུག་འཕྲད་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡང་། ཕྱི་ཟླ་༥ པའི་ཚེས་༢༤ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡས་ཨ་རིར་ཁོང་ཁྲོ་དང་སྡང་སེམས་ཀྱི་རྣམ་འགྱུར་དྲག་པོ་སྟོན་བཞིན་ཡོད་སྟབས། ཨ་བྱང་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་དེ་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་བྱས་ཀྱང་། སླར་ཡང་རྗེས་སུ་དུས་བཅད་ཀྱི་ཉིན་མོ་དེ་ག་རང་ལ་སེང་གྷ་པུར་དུ་ཐུག་རྒྱུ་གཏན་འཁེལ་བྱུང་ཡོད་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།