ཀོ་རི་ཡ་ལྷོ་བྱང་གཉིས་ཨོ་རྩལ་འགྲན་ཚོགས་སྐབས་དར་ཆ་གཅིག་འོག་རུ་སྒྲིག་གཏོང་རྒྱུ།
ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་ལ་ཡར་རྒྱས་ཀྱི་རྣམ་པ་ཆེན་པོ་ཐོན་ནས། འཚོག་ལ་ཉེ་བའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས། རྒྱལ་ཁབ་གཉིས་ཆིག་སྒྲིལ་གྱི་དར་ཆ་གཅིག་འོག་རུ་སྒྲིག་གཏོང་རྒྱུ་དང་། རྩེད་འགྲན་ཞིག་ལ་ཕྱོགས་གཉིས་ཀྱི་རྩེད་མོ་བ་རྣམས་རུ་ཁག་གཅིག་ཏུ་ཟུང་སྦྲེལ་གྱིས་རྩེད་འགྲན་བྱ་རྒྱུར་མོས་མཐུན་བྱུང་འདུག
 ཟླ་༡ པོའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༡༧ ཉིན་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་སྐུ་ཚབ་བར་གྲོས་མོལ་བྱས་ཏེ། རིང་མིན་ཟླ་༢ པའི་ཚེས་༩ ནས་༢༧ བར་ལྷོ་ཀོ་རི་ཡར་འཚོག་རྒྱུ་ཡིན་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐབས། ཀོ་རི་གཉིས་ཆིག་སྒྲིལ་གྱི་དར་ཆ་གཅིག་གི་འོག་ཏུ་རུ་སྒྲིག་གཏོང་རྒྱུ་དང་། དེ་བཞིན་བུད་མེད་ཀྱི་འཁྱག་ཐོག་ཧོག་ཀི་(Ice Hockey) རྩེད་འགྲན་ལ། ཕྱོགས་གཉིས་ཀྱི་རྩེད་འགྲན་པ་རྣམས་རུ་ཁག་གཅིག་ཏུ་ཟུང་སྦྲེལ་གྱིས་རྩེད་འགྲན་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག
ཟླ་༡ པོའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༡༧ ཉིན་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་སྐུ་ཚབ་བར་གྲོས་མོལ་བྱས་ཏེ། རིང་མིན་ཟླ་༢ པའི་ཚེས་༩ ནས་༢༧ བར་ལྷོ་ཀོ་རི་ཡར་འཚོག་རྒྱུ་ཡིན་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐབས། ཀོ་རི་གཉིས་ཆིག་སྒྲིལ་གྱི་དར་ཆ་གཅིག་གི་འོག་ཏུ་རུ་སྒྲིག་གཏོང་རྒྱུ་དང་། དེ་བཞིན་བུད་མེད་ཀྱི་འཁྱག་ཐོག་ཧོག་ཀི་(Ice Hockey) རྩེད་འགྲན་ལ། ཕྱོགས་གཉིས་ཀྱི་རྩེད་འགྲན་པ་རྣམས་རུ་ཁག་གཅིག་ཏུ་ཟུང་སྦྲེལ་གྱིས་རྩེད་འགྲན་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག
བྱང་ཀོ་རི་ཡས་དགའ་བསུ་དང་རྒྱབ་སྐྱོར་བྱེད་མཁན་རུ་ཁག་མི་སྣ་༢༣༠ ཡོད་པ་ཞིག་དང་། དྲག་རྩལ་རུ་ཁག་མི་སྣ་༣༠ བྱས་པ་ཞིག་ཀྱང་ལྷོ་ཀོ་རི་ཡར་གཏོང་རྒྱུར་གསལ་བསྒྲགས་བྱས་འདུག དེ་དག་ལྷོ་ཀོ་རི་ཡར་ས་ཐོག་ནས་འགྲུལ་བཞུད་བྱ་རྒྱུ་ཡིན་འདུག་པས། སྐབས་དེར་ཕྱི་ལོ་༢༠༡༦ ཀྱི་ཟླ་༢ པ་ནས་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་སྒོ་འབྱེད་པ་ཐེངས་དང་པོ་ཆགས་རྒྱུ་རེད་འདུག
ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇེ་ཨེན་གྱིས་གནད་དོན་དེར་དགའ་བསུ་ཆེན་པོ་བྱས་ཏེ། ཨོ་རྩལ་འགྲན་ཚོགས་དེས་ད་བར་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་འབྲེལ་ལམ་འཁྱག་པ་ལྟར་མཁྲེགས་པོ་ཆགས་པ་དེ་བཞུ་བར་གོ་སྐབས་བཟང་པོ་ཞིག་ཡིན་སྐོར་བརྗོད་འདུག
ཕྱོགས་གཉིས་བར་གྲོས་མཐུན་བྱུང་བ་རྣམས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་མོས་མཐུན་བྱེད་དགོས་ཀྱི་ཡོད་འདུག་པས། སྐུ་ཚབ་རྣམས་གཟའ་མཇུག་ཏུ་ཡུ་རོབ་སུད་སིའི་རྒྱལ་ཁབ་ཏུ་ཨོ་རྩལ་ལྷན་ཚོགས་དང་གྲོས་མོལ་བྱེད་པར་འགྲོ་རྒྱུ་རེད་འདུག
ཕྱི་ལོ་༢༠༡༥ ལོར་བྱང་ཀོ་རི་ཡས་རྡུལ་མཚོན་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་རྐྱེན། ལྷོ་ཀོ་རི་ཡས་ཕྱོགས་གཉིས་བར་དཔལ་འབྱོར་གྱི་ལས་འཆར་ཞིག་ཕྱིར་འཐེན་བྱས་ཏེ། ད་བར་འབྲེལ་ལམ་ཛ་དྲག་ངང་གནས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་འདེམས་ཐོན་བྱུང་རྗེས། ཁོང་གིས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་མཚམས་འཇོག་དགོས་པའི་སྡིགས་ར་བསྟུད་མར་བྱས་རྐྱེན། བྱང་ཀོ་རི་ཡས་ཀྱང་རྡུལ་མཚོན་ཚོད་ལྟ་མུ་མཐུད་བྱས་ནས། ཀོ་རི་ཡ་མཚོ་གླིང་ཁུལ་དུ་ཛ་དྲག་གནས་སྟངས་འོག་གནས་པ་རེད་དེ། ཕྱི་ལོ་༢༠༡༨ ལོའི་ལོ་གསར་པའི་གཏམ་བཤད་ནང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས། བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་ཞིག ཟླ་༢ པའི་ནང་ལྷོ་ཀོ་རི་ཡར་འཚོག་རྒྱུ་ཡིན་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་གཏོང་རྒྱུའི་ཐད་བསམ་བློ་གཏོང་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། དེ་རྗེས་ལྷོ་ཀོ་རི་ཡའི་སྲིད་འཛིན་མཱོན་ཇི་ཨན་གྱིས་ཕྱོགས་གཉིས་བར་གནད་དོན་དེའི་ཐད་གྲོས་མོལ་ཡོང་བའི་གྲོས་འགོ་བཏོན་པ་ལྟར། ཕྱོགས་གཉིས་ཀྱི་སྐུ་ཚབ་རྣམ་པའི་བར་ལོ་གཉིས་ནང་ཐེངས་དང་པོར་ས་མཚམས་ཀྱི་གྲོང་གསེབ་ཅིག་ཏུ་གྲོས་མོལ་བྱས་ནས། ད་བར་གྲོས་མོལ་ཐེངས་གསུམ་བྱས་ཡོད་པ་རེད།
དེ་བཞིན་ཟླ་༣ པའི་ནང་ལྷོ་ཀོ་རི་ཡར་དབང་པོ་སྐྱོན་ཅན་གྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས། བྱང་ཀོ་རི་ཡའི་སྐུ་ཚབ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད་འདུག
ད་ལྟའི་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལས་ཡག་ཏུ་ཕྱིན་ཡོད་ཀྱང་། བྱང་ཀོ་རི་ཡས་རྡུལ་མཚོན་རྣམས་ནུས་མེད་བཟོ་རྒྱུའི་སྐོར་གྲོས་གཞིའི་ནང་མེད་སྐོར་དང་། དེ་སྔོན་དེ་ལྟར་ནམ་ཡང་བྱེད་མི་སྲིད་སྐོར་ཤུགས་དྲག་ཆེན་པོའི་ངང་བསྒྲགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

