ཁ་ན་ཊའི་གྲོས་ཚོགས་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་ཡི་ཡོད་པར་ངོས་འཛིན་བྱས་འདུག
ཁ་ན་ཊའི་གྲོགས་ཚོགས་ནས་རྒྱ་ནག་གིས་ཤར་ཏིར་ཀི་སི་ཐན་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་ཡུ་གུར་“མི་རིགས་རྩ་མེད་བཟོ་བའི་”བྱ་སྤྱོད་ཡིན་པའི་ངོས་འཛིན་བྱས་པ་མ་ཟད། ཁ་ན་ཊའི་གཞུང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་(International Olympic Committee) ལ་༢༠༢༢ ལོའི་དགུན་ཁའི་རྩེད་འགྲན་ཆེན་མོ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་གཞན་དུ་སྒྱུར་བའི་སྐུལ་འདེད་བྱེད་དགོས་ཚུལ་ཡང་བརྗོད་འདུག
ཕྱི་ཟླ་༢ ཨ་རིའི་ཚེས་༢༢ རེས་གཟའ་ཟླ་བའི་ཉིན་ཁ་ན་ཊའི་གྲོགས་ཚོགས་སུ་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡུ་གུར་མི་རིགས་དང་ཁ་ཆེའི་མི་རིགས་གཞན་རྣམས་རྩ་མེད་བཟོ་བཞིན་ཡོད་”མེད་ཀྱི་འོས་བསྡུས་བྱས་པར། གྲོས་ཚོགས་འཐུས་༢༦༦ ཀྱིས་རྒྱ་ནག་གི་བྱ་སྤྱོད་དེ་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་ཡིན་པའི་འོས་འཕངས་ཡོད་འདུག
ཁ་ན་ཊའི་སྲིད་བློན་ཋ་རོའུ་ཌོས་(Justin Trudeau) དང་། ཁོང་གི་བློན་ཆེན་ལས་ཁུངས་ནས་རེས་གཟའ་ཟླ་བའི་འོས་བསྡུ་དེའི་ནང་ཆ་ཤས་བླངས་མི་འདུག་ཀྱང་། གྲོས་ཚོགས་འཐུས་མི་ཕལ་ཆེ་བས་རྒྱ་ནག་གི་བྱ་སྤྱོད་དེ་མི་རིགས་རྩ་མེད་བཟོ་བྱེད་ཡིན་པར་ངོས་འཛིན་བྱས་པར་བརྟེན། ཁོང་གི་སྲིད་གཞུང་ལ་རྒྱ་ནག་གི་ཕྱོགས་སུ་སྲིད་བྱུས་སྔར་བས་ཀྱང་མཁྲེགས་པའི་སྲིད་བྱུས་མི་འཛིན་ཐབས་མེད་དུ་འགྱུར་རྒྱུ་ཡིན་འདུག
ཨ་རིའི་གཞུང་ནས་ཟླ་བ་སྔོན་མའི་ནང་རྒྱ་ནག་གི་བྱ་སྤྱོད་དེ་“མི་རིགས་རྩ་མེད་བཟོ་བའི་”བྱ་སྤྱོད་ཡིན་པར་ངོས་འཛིན་བྱས་ཟིན་པས། ཁ་ན་ཊ་ནི་གཞུང་འབྲེལ་ཐོག་ནས་རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་མེད་བཟོ་བཞིན་ཡོད་པའི་ངོས་འཛིན་བྱེད་མཁན་གྱི་རྒྱལ་ཁབ་གཉིས་པ་དེ་ཆགས་ཡོད་འདུག
གཞན་ཡང་། ཁ་ན་ཊའི་ཁྲིམས་བཟོ་བ་ཚོས་“གལ་སྲིད་རྒྱ་ནག་གཞུང་གིས་མུ་མཐུད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་འདི་ལག་བསྟར་བྱས་པ་ཡིན་ན།” ཁ་ན་ཊའི་གཞུང་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ལ་༢༠༢༢ ལོའི་དགུན་ཁའི་རྩེད་འགྲན་ཆེན་མོ་པེ་ཅིང་ནས་གཞན་དུ་སྤོ་དགོས་པའི་སྐུ་འདེད་བྱེད་དགོས་སྐོར་ཡང་བརྗོད་འདུག
ཨ་རིའི་གཞུང་གིས་ཚོད་དཔག་བྱས་པ་ལྟར་ན། འདས་པའི་ལོ་ཤས་ནང་རྒྱ་ནག་གིས་ཤར་ཏིར་ཀི་སི་ཐན་དུ་མི་ས་ཡ་༢ ཙམ་འཛིན་བཟུང་དང་བཙོན་འཇུག་བྱས་ཏེ་བཙོན་སྒར་དུ་ཉར་ཡོད་པ་དང། ཕྱིའི་རྒྱལ་ཁབ་ལ་བྲོས་བྱོལ་དུ་ཡོང་མཁན་གྱི་ཡུ་གུར་བ་ཚོས་རྒྱ་ནག་གིས་བཙོན་ཁང་དུ་མནར་གཅོད་གཏོང་བ་དང་། བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་པ། བཙན་གྱིས་བུད་མེད་རྣམས་མངའ་འཁོར་བའི་ནུས་པ་མེད་པ་བཟོ་བ་བཅས་ཀྱིས་གཙོས་པའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་བདེན་དཔང་བྱེད་ཀྱི་ཡོད་པས། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།