ཁ་སང་གནད་དོན་ལ་བརྟེན་ནས་དེ་རིང་གི་གྲོས་ཚོགས་འཚོགས་ཐུབ་མ་སོང་།

ཟླ་འདིའི་ཚེས་༡༩ རེས་གཟའ་མིག་དམར་ཉིན་ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དང་པོ་དང་གཉིས་པའི་བོད་ནང་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་གཉིས་ལས་རིམ་རྣམ་གཞག་འདོན་རེས་བྱེད་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་”རྒྱ་མིའི་སོ་པ་ཁྲིད་ནས་ཡར་ཀ་རྡོར་སྒང་གསུམ་ལ་འགྲོ་མཁན་དེ་སུ་རེད། ཁྱེད་མེད་ན་སུ་རེད། ད་དེ་ངས་ལབ་བཞག་དགོས། འོ་ཡ་ཁོ་རེ་” སོགས་བཤད་པ་དང་། དེ་མིན་མདའ་ཁ་ཤས་འཕེན་རྒྱུ་ཡོད་པ་དང་དུས་ལ་བབས་ན་འཕེན་རྒྱུ་ཡིན་ཚུལ་སོགས་བཤད་པར་བརྟེན། གནས་ཚུལ་དེ་ལ་བརྟེན་ནས་ཁ་སང་ཉིན་གུང་ཆུ་ཚོད་༡༡ ནས་དགོང་མོའི་ཆུ་ཚོད་༥ པ་བར་དུ་གནད་དོན་དེའི་ཐོག་བགྲོ་གླེང་གནང་རེས་བྱས་སོང་། གྲོས་ཚོགས་མ་གྲོལ་སྔོན་སྤྱི་འཐུས་ཚོགས་གཙོས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལ་གནས་ཚུལ་ཁུངས་སྐྱེལ་མེད་ན་ཕྱིར་འཐེན་བྱས་ན་ཡག་ཚུལ་གསུངས་ཀྱང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་སྐད་ཆ་དེ་ང་རྒྱལ་དང་ཁོང་ཁྲོ་སོགས་ལ་བརྟེན་ནས་བཤད་ཡོད་པ་དང་། དེ་ཡང་ཆུང་དུས་སློབ་གྲྭའི་ཕྲུ་གུ་ཚོས་ཕན་ཚུན་གཅིག་མ་འགྲིགས་ན་ཁྱོད་རྒྱ་མིའི་སོ་པ་ཡིན་པ་ཞེས་རྩེད་མོ་ལབ་ཀྱི་ཡོད་པ་དེ་བཞིན་ཡིན་པར་བརྗོད་པ་དང་། གཞན་ཡང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལ་དེ་འདྲའི་ནག་ཉེས་དེ་མ་ཕོག་པའི་རེ་བ་ཡོད་ཟེར་བ་ལས་སྐད་ཆ་ཕྱིར་འཐེན་མ་བྱས་སྟབས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལ་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་ན་ཡང་། གནད་དོན་དེ་རྩ་དོན་ལ་ཐུག་ཡོད་པ་དང་། ཆེན་པོ་བཟོ་ཡི་ཡོད་ཙང་། བདེ་སྲུང་ལས་ཁུངས་ཀྱིས་གཙང་མ་བཟོ་དགོས་པ་ལས་ཡིན་ལ་མིན་ལ་འཇོག་མི་རུང་བར་བརྗོད་སོང་། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༧ པའི་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པ་ཆགས་ཀྱི་ཡོད་ཀྱང་། ད་ནངས་ཞོགས་པར་སྤྱི་འཐུས་ཁག་ཅིག་སྤྱི་འཐུས་ཚོགས་གཙོའི་སར་བཅར་ཏེ་བདེ་སྲུང་ལས་ཁུངས་ནས་གནས་ཚུལ་དེ་གཙང་མ་མ་བཟོས་བར་དུ་གྲོས་ཚོགས་ནང་ལོགས་ལས་ཆ་ཤས་ལེན་གྱི་མིན་ཞེས་ཞུས་ཡོད་འདུག་ལ། བཅའ་ཁྲིམས་དོན་ཚན་༤༩ ནང་གསེས་དང་པོའི་དགོངས་དོན་དུ་རྩ་འབོར་སུམ་ཆ་གཉིས་མ་ལོན་ན་གྲོས་ཚོགས་ཀྱི་ལས་དོན་བརྩམས་ཆོག་གི་མེད་པ་དང་། ལས་དོན་བརྩམས་ཆོག་པའི་གནད་དོན་ཆགས་པའི་སྐབས་སུ་སྤྱི་འཐུས་རྣམ་པ་དང་འཛིན་སྐྱོང་བཅས་ལ་ལན་འབུལ་གྱི་ཡིན་གསུངས་ནས་གྲོས་ཚོགས་འཚོགས་ཐུབ་མ་སོང་། 
གསར་འགོད་པ་བསྟན་འཛིན་ལམ་བཟང་།

